སེམས་ཅན་ཐམས་ཅད་ཀུན་གྱི་སྙིང་དུ་སྡུག །ལྷ་ཚོགས་མང་པོ་བྱེ་བ་ཀུན་དེ་བཞིན། །འདས་ཚེ་བསྐལ་པ་བྱེ་བ་དགུ་བཅུ་དགུ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དག་ཀྱང་བྱས། །ཡུལ་ཁམས་ཆུང་ངུར་མི་ཡི་རྒྱལ་པོ་བྱས། །གཞན་ཡང་བསྐལ་པ་བརྒྱ་སྟོང་ཚད་མེད་སྙེད། །བརྒྱ་བྱིན་ལྷ་ཡི་དབང་པོ་དག་ཀྱང་བྱས། །ཚངས་པའི་རྒྱལ་པོ་ཆེན་པོ་དག་བྱས་ཏེ། །ཕྱོགས་བཅུའི་བྱམས་ཆེན་གཙོ་ལ་མཆོད་པ་ཡི། །དེ་ཡི་གྲངས་ཚད་ཤིན་ཏུ་མཐར་ཐུག་དཀའ། །ངས་སྔོན་མདོ་ཐོས་རྗེས་སུ་ཡི་རང་དགེ། །བསོད་ནམས་ཕུང་པོ་ཅི་ཡོད་ཚད་ཤེས་དཀའ། །བསོད་ནམས་དེ་དབང་བྱང་ཆུབ་མངོན་རྟོགས་ནས། །ཆོས་སྐུ་ཡང་དག་ཡེ་ཤེས་དམ་པ་བརྙེས། །དེ་ནས་འཁོར་མང་པོ་རྣམས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་པས་ངོ་མཚར་རྨད་དུ་གྱུར་ནས་ཐམས་ཅད་ཀྱིས་མདོ་སྡེ་གསེར་འོད་དམ་པ་སྤེལ་ཞིང་རྒྱུན་མི་འཆད་པར་སྤྱད་པར་མོས་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་རྒྱལ་པོ་ལེགས་སྐྱེས་ཀྱི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་གྱི་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤིན་ཏུ་དང་བའི་སེམས་དད་པ་དང་ལྡན་པའི་རིགས་ཀྱི་བུའམ། །རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འདས་པ་དང་། །མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ལ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་། ཡངས་ཤིང་རྒྱ་ཆེ་བ་དག་གིས་མཆོད་པར་བྱེད་པར་འདོད་པ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་ཤེས་ཤིང་རྟོགས་པར་འདོད་པ་གང་ཡིན་པ་དེས་གདོན་མི་ཟ་བར་སེམས་རྩེ་གཅིག་ཏུ་མདོ་སྡེའི་རྒྱལ་པོ་འདི་གྲོང་ཁྱེར་རམ། གྲོང་རྡལ་ལམ། རི་འམ། ནགས་ཚལ་གང་ཡང་རུང་སྟེ། གནས་དེ་དང་དེ་དག་ཏུ་སེམས་ཅན་རྣམས་ལ་རྒྱ་ཆེར་ཡང་དག་པར་བསྟན་ནས་ཡོངས་སུ་སྤེལ་བར་བྱའོ། །ཆོས་ཉན་པ་གང་ཡིན་པ་དེ་ཡང་རྣམ་པར་གཡེང་བའི་འདུ་ཤེས་སྤངས་ནས་རྣ་བླགས་ཏེ་སེམས་རྩེ་གཅིག་ཏུ་གཞག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་དེ་དང་འཁོར་མང་པོ་རྣམས་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ།