རྒྱལ་པོས་ཡང་དག་ཆོས་འདུལ་རྒྱུས། །རྟག་ཏུ་སེམས་ནི་དགའ་བར་འགྱུར། །ལྷ་ཚོགས་ཐམས་ཅད་རབ་དགའ་ནས། །མི་རྒྱལ་དེ་ལ་སྲུང་བར་བྱེད། །གཟའ་སྐར་རང་གི་ལམ་རྒྱུ་ཞིང་། །ཉི་ཟླ་ཚད་ལས་འདའ་མི་བྱེད། །རླུང་ནི་རྟག་པར་དུས་བཞིན་ལྡང་། །བདུད་རྩིའི་ཆར་ནི་དུས་བཞིན་འབབ། །ལོ་ཏོག་ཐམས་ཅད་སྨིན་ལེགས་པས། །མི་རྣམས་མུ་གེ་མེད་པར་འགྱུར། །ལྷ་ཚོགས་མང་པོ་ཐམས་ཅད་ཀུན། །རང་གི་ཕོ་བྲང་གང་འགྱུར་བས། །དེ་ཕྱིར་མི་རྗེ་ཁྱོད་ཀྱིས་ནི། །ལུས་སྤངས་ཡང་དག་ཆོས་སྤེལ་བྱོས། །རིན་ཆེན་ཆོས་ལ་བཀུར་བྱེད་ན། །དེས་ན་མང་པོ་བདེ་འགྱུར་བས། །རྟག་པར་ཡང་དག་ཆོས་བསྟེན་ནས། །ཡོན་ཏན་བདག་ཉིད་བརྒྱན་པར་བྱ། །འཁོར་རྣམས་རྟག་པར་རབ་དགའ་ཞིང་། །སྡིག་པ་རྣམས་ནི་སྤོང་བར་བྱེད། །ཆོས་ཀྱིས་སེམས་ཅན་འདུལ་བྱེད་པས། །རྒྱུན་དུ་བདེ་བ་འཐོབ་པར་འགྱུར། །མི་རྣམས་དེ་དག་ཐམས་ཅད་ཀུན། །དགེ་བ་བཅུ་ནི་སྤྱོད་བྱེད་ན། །ཡུལ་ཁམས་རྟག་པར་ལོ་ལེགས་ཤིང་། །ཡུལ་ནི་ཞི་བ་ཉིད་དུ་འགྱུར། །རྒྱལ་པོ་ཆོས་ཀྱིས་མི་འདུལ་ཞིང་། །དགེ་བས་སྡིག་སྤྱོད་འདུལ་བྱེད་ན། །སྙན་པའི་གྲགས་པ་འཐོབ་འགྱུར་ཞིང་། །སེམས་ཅན་རྣམས་ནི་བདེ་བར་བྱེད། །དེ་ནས་དེའི་ཚེ་ས་ཆེན་པོ་ལ་གནས་པའི་མིའི་རྒྱལ་པོ་ཐམས་ཅད་དང་འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་སྔོན་གྱི་མིའི་རྒྱལ་པོས་ཡུལ་སྐྱོང་བའི་ཆོས་ཀྱི་དོན་བཀས་བཤད་པ་ཐོས་པས་ཐམས་ཅད་ངོ་མཚར་རྨད་དུ་གྱུར་པ་དང་། རབ་ཏུ་དགའ་བ་ཐོབ་པར་གྱུར་པས་ཤིན་ཏུ་དང་བའི་མངོན་པར་ཡིད་ཆེས་པ་དག་གིས་བཀའ་ཡང་དག་པར་བླངས་ཏེ་སྤྱོད་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་རྒྱལ་པོའི་ཆོས་ལུགས་ཡང་དག་པའི་བསྟན་བཅོས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ། བམ་པོ་དགུ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་རྒྱལ་པོའི་ཆོས་ལུགས་ཡང་དག་པའི་བསྟན་བཅོས་བཀས་བཤད་ནས་ཡང་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ།