དབང་པོ་ཇི་བཞིན་ཏིང་འཛིན་སྒོམ་ལ་འགོད། །དེ་ཡི་ཚིག་གི་དོན་ནི་ལེགས་སོམས་ལ། །སྟོང་པ་ཉིད་བརྟེན་རབ་ཏུ་བསྒོམ་པར་གྱིས། །བཅོམ་ལྡན་སྐུ་གཟུགས་དག་གི་སྤྱན་སྔར་ནི། །རྩེ་གཅིག་ཡང་དག་དྲན་པས་གནས་བྱེད་ན། །གྱ་ནོམ་ཡེ་ཤེས་ཏིང་ངེ་འཛིན་དག་དང་། །གཟུངས་མཆོག་དམ་པ་དག་ཀྱང་འཐོབ་པར་འགྱུར། །བཅོམ་ལྡན་གསེར་ཞལ་ཡང་དག་ཆོས་བསྟན་ནས། །གྱ་ནོམ་དབྱངས་ཀྱིས་ལྷ་མི་འདུལ་བར་མཛད། །ལྗགས་མཚན་རྐྱེན་བཞིན་ངོ་མཚར་རབ་སྟོན་པས། །ཡངས་རིང་སྟོང་གསུམ་འཇིག་རྟེན་ཁྱབ་པར་མཛད། །བཅོམ་ལྡན་གསུང་དབྱངས་གྱ་ནོམ་དེ་འདྲ་བ། །རྩེ་གཅིག་དྲན་ན་སེམས་ལ་འཇིགས་མེད་འཐོབ། །བཅོམ་ལྡན་སྨོན་ལམ་རྒྱ་ཆེན་བཏབ་པའི་དབང་། །ལྗགས་མཚན་བསམ་གྱིས་མི་ཁྱབ་འདི་བརྙེས་ནས། །ཆོས་རྣམས་ཡོད་པ་མ་ཡིན་གསུང་མཛད་པས། །དཔེར་ན་ནམ་མཁའ་ཆགས་པ་མེད་པ་འདྲ། །བཅོམ་ལྡན་གསུང་དབྱངས་དག་དང་ལྗགས་མཚན་རྣམས། །དྲན་པ་ཉེ་གཞག་གཞལ་བྱེད་སྨོན་རྫོགས་འགྱུར། །གལ་ཏེ་ལྷ་མོ་སྤོབས་ཆེན་མཆོད་མཐོང་ངམ། །སློབ་མས་སློབ་དཔོན་རྗེས་སློབ་མཐོང་ནས་ནི། །གསང་བའི་ཆོ་ག་འདི་བླངས་སྒོམ་བྱེད་དམ། །བླ་མར་བྱེད་ན་སེམས་ལ་བསམ་པ་འགྲུབ། །གང་ཞིག་ཡེ་ཤེས་དམ་པ་མཆོག་འདོད་ན། །རྩེ་གཅིག་སེམས་ཀྱིས་ཆོས་འདི་གཟུང་བར་བྱ། །བསོད་ནམས་ཡེ་ཤེས་ཡོན་ཏན་འཕེལ་བྱེད་པས། །ངེས་པར་འགྲུབ་འགྱུར་ཐེ་ཙོམ་ཡོངས་མ་བསྐྱེད། །ནོར་ཚོལ་དག་ནི་ནོར་མང་རྙེད་པར་འགྱུར། །གྲགས་པ་གཉེར་བ་གྲགས་ཆེན་ཐོབ་པར་འགྱུར། །ངེས་འབྱུང་ཚོལ་བ་རྣམ་པར་གྲོལ་འགྱུར་བས། །ངེས་པར་འགྲུབ་འགྱུར་ཐེ་ཙོམ་ཡོངས་མ་བསྐྱེད། །ཡོན་ཏན་ཚད་མེད་མཐའ་ལས་ཇི་སྙེད་པ། །སེམས་ལ་བསམས་བཞིན་ཡོངས་སུ་སྡུད་པར་བྱེད། །གལ་ཏེ་དེ་ལྟར་ཆོས་བཞིན་སྤྱོད་ནུས་ན། །ངེས་པར་འགྲུབ་འགྱུར་ཐེ་ཙོམ་ཡོངས་མ་བསྐྱེད། །གཙང་མའི་གནས་སུ་གོས་སར་བགོས་ནས་ནི། །དཀྱིལ་འཁོར་ཆེ་ཆུང་ཅི་ཙམ་ནུས་པར་བྱ། །བུམ་པ་གཙང་མ་བཞིར་ནི་རོ་ཞིམ་བཀང་།