།ངེས་པར་འབྱུང་བར་གྱིས་ཤེས་སྨྲོས། །སྐྱེ་བ་ལེན་པ་ཐམས་ཅད་དུ། །ཆོས་ཀྱི་སྣང་བ་བྱེད་པར་འགྱུར། །གོ་བགོས་ཐེག་ཆེན་ཞོན་ནས་ནི། །འདི་ཉིད་རབ་ཏུ་བསྟན་པར་བྱ། །ཐེག་པ་འདི་དང་གོ་ཆ་འདི། །དེ་དག་ལ་ནི་ཕངས་མི་བྱ། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱིས། །གོ་བགོས་ཐེག་པ་ཆེན་པོ་དང་། །རབ་བདེ་ཐེག་པ་འདི་ཞོན་ནས། །བླ་མེད་བགྲོད་ལ་དགོད་པར་བྱ། །བྱང་ཆུབ་སེམས་དཔའ་དེ་དག་ནི། །རྣལ་འབྱོར་འདི་ལ་གནས་གྱུར་ནས། །སངས་རྒྱས་ཀྱི་ནི་ཆོས་དག་ལ། །མྱུར་བ་ཁོ་ནར་གཞོལ་བར་འགྱུར། །སངས་རྒྱས་ཞིང་ནི་རྣམ་དག་དང་། །ཉན་ཐོས་བྱང་ཆུབ་སེམས་དཔའ་ཡི། །ཡོན་ཏན་བཀོད་པ་གང་ཡིན་པ། །དངོས་པོ་དེ་དག་འཛིན་པར་འགྱུར།། །།བམ་པོ་གསུམ་པ། གཞན་ཡང་བློ་གྲོས་མཐའ་ཡས་ངས་མངོན་པར་དྲན་ཏེ། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གོ་ཆ་འདི་ལྟ་བུ་བགོས་ཤིང་ཐེག་པ་ཆེན་པོ་འདི་ལྟ་བུ་ལ་ཞོན་པས་ན་མཐའ་རྣམས་ལས་ཡང་དག་པར་འདས་ཤིང་མུན་པ་རྣམས་རབ་ཏུ་བསལ་བ་དང་། འཇིགས་པ་རྣམས་རབ་ཏུ་བསྐྱབས་ཤིང་བརྩོན་འགྲུས་ཆེན་པོས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དག་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆའི་བཀོད་པ་དང་། ཐེག་པ་ཆེན་པོའི་བཀོད་པ་འདི་ཐོས་པས་རབ་ཏུ་དགའ་བར་གྱུར་ཏེ། ཆོས་འདི་སྒོམ་པ་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་གུས་པས་རིམ་གྲོ་དང་། བཀུར་སྟི་བྱེད་ཀྱང་འདི་སྙམ་དུ་བདག་ནི་གོ་ཆ་འདི་ལྟ་བུ་བགོས་པའོ། །བདག་ནི་གོ་ཆ་འདི་ལྟ་བུ་དང་ལྡན་པའོ། །བདག་ནི་ཆོས་འདི་ལྟ་བུ་ཐོབ་པ་ཡིན་ནོ། །བདག་ནི་ཆོས་འདི་ལྟ་བུ་དང་ལྡན་པ་ཡིན་ནོ། །བདག་ནི་ཆོས་ཀྱི་རྣམ་པ་འདི་ལྟ་བུ་དང་ལྡན་པ་ཡིན་ནོ་སྙམ་པའི་བསམ་པ་མ་བྱུང་ངོ་། །ང་ལ་དེའི་ཚེ་བདག་ཏུ་འདུ་ཤེས་པ་མེད་པས་འཇིག་ཚོགས་ལ་ལྟ་བ་སྤངས་ཤིང་། བདག་ཏུ་ང་རྒྱལ་བ་ཡང་སྤངས་སོ། །སེམས་ལ་མཐོ་དམན་མེད་ཅིང་རྣམ་པར་རྟོག་པ་ཡང་མེད་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་བསྡུ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྡེ་སྣོད་རབ་ཏུ་བསྲུང་བ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐད་ཅིག་ཙམ་དུ་ཡང་སེམས་ཡོངས་སུ་སྐྱོ་ཞིང་ངལ་བར་མ་གྱུར་ཏོ།