གང་དེའི་ཚེ་དེའི་དུས་ན་བློན་པོའི་མཆོག་ཟླ་བ་ཆེན་པོ་དང་། ས་འཛིན་དེ་གཉིས་ནི་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་འདི་གཉིས་ཡིན་ནོ། །འདི་གཉིས་ཀྱིས་ང་ཡང་མྱ་ངན་ལས་འདས་པ་མ་བཟོད་ནས་ང་ཉིད་འཆི་བ་མ་མཐོང་བར་ཐོག་མ་ཉིད་དུ་དུས་བྱས་སོ། །ད་ལྟར་ཡང་ང་མྱ་ངན་ལས་འདས་པ་མ་བཟོད་དེ་ང་མྱ་ངན་ལས་འདས་པ་མ་མཐོང་བར་དེ་ཐོག་མ་ཉིད་དུ་མྱ་ངན་ལས་འདས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྒྱལ་པོ་ཟླ་འོད་ཀྱི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་ཤེས་རབ་ལེགས་པས་བསྒྱུར་ཅིང་ཞུས་ཏེ། དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སེ་ན་ཨ་བ་དཱ་ནཾ། བོད་སྐད་དུ། དཔལ་གྱི་སྡེའི་རྟོགས་པ་བརྗོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གླེང་གཞི་མཉན་དུ་ཡོད་པ་ན་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་བཞིན་དུ། སེམས་ཅན་རྣམས་ཀྱིས་ཀྱང་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་སུ་ཟིན་ན་ནི་དེ་ལྟར་ན་ཁམ་གྱི་ཐ་མ་དང་ཁམ་གྱི་མཇུག་ལུས་པ་གང་ཡིན་པ་དེ་ལས་ཀྱང་གལ་ཏེ་ཡོན་གནས་ལེན་པ་པོ་རྙེད་ན། དེ་ལ་མ་བྱིན་ནམ་བགོ་བཤའ་མ་བྱས་ཀྱི་བར་དུ་ཟ་བར་མི་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་པར་མི་འགྱུར་བ་ཞིག་ན། ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་བཞིན་དུ་སེམས་ཅན་རྣམས་ཀྱི་སྦྱིན་པའི་འབྲས་བུ་ཡང་མི་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་མི་ཤེས་པས་ནི་དེའི་ཕྱིར་དེ་དག་ནི་ཀུན་དུ་འཛིན་པའི་སེམས་ཀྱིས་མ་བྱིན་པའམ། བགོ་བཤའ་མ་བྱས་པར་ཟ་བར་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ཏུ་དཀྲིས་ཤིང་འདུག་གོ།