Degé Kangyur volume 70, F.188.a

འདི་དང་ཕ་རོལ་དུ་མྱ་ངན་ལས་འདས་པའི་ལམ་སྟོན་པར་བྱེད་པ་དང་། མྱ་ངན་ལས་འདས་པའི་ལམ་ཉེ་བར་སྟོན་པར་བྱེད་པ་དང་། བསམ་གཏན་གྱི་གྲོགས་བྱེད་པར་འགྱུར་བའི་དགེ་བའི་གྲོགས་པོ་བྱ་བར་བྱའོ། །​གང་དང་ལྷན་ཅིག་ཏུ་གྱུར་པས་ཉོན་མོངས་པ་རྣམས་ཟད་པར་བྱས་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་པ་དེ་དག་ནི་གྲོགས་པོའི་མཆོག་ཡིན་ནོ། །​གཞན་དུ་ན་ནི་གྲོགས་པོའི་གཟུགས་བརྙན་གྱི་དགྲ་བོ་ཡིན་ཏེ། གང་དག་དོན་དམ་པ་མ་ཡིན་པ་དེ་དག་གིས་ནི་གྲོགས་པོར་འགྱུར་བ་མ་ཡིན་ནོ། །​གང་དང་ཕྲད་ནས་ཀུན་བརྗོད་པ་དང་གནས་པའི་ལས་སུ་གྱུར་པས་གང་ཡང་འཇིག་རྟེན་ཕ་རོལ་གྱིར་འགྱུར་བ་དེ་ནི་གྲོགས་པོ་ཡིན་ཏེ། གང་ཡང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཉེ་བར་སྟོན་པ་དང་། བྱེད་དུ་འཇུག་པའམ། འཇིག་རྟེན་ཕ་རོལ་གྱི་འཇིགས་པ་སྟོན་པར་བྱེད་པའམ། དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་འགྲོ་བར་སྐྱེ་བའི་འཇིགས་པ་ལེགས་པར་སྟོན་པ་རྣམས་ཀྱང་རུང་སྟེ། ཇི་ལྟར་ལུས་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་རྣམས་ཀྱིས་ངན་སོང་དུ་འཇུག་པར་འགྱུར་བ་རྣམས་མི་བྱའོ། །​དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུང་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། གྲོགས་གང་འཇིག་རྟེན་ཕ་རོལ་གྱི། །​གྲོགས་པོ་དེ་ནི་གྲོགས་པོར་བརྗོད། །​གང་ཞིག་སྡིག་ལས་ཟློག་པ་དང་། །​འཆི་འཕོ་ལས་ཀྱང་སྲུང་བྱེད་པ། །​ཕ་རོལ་དུ་ནི་གང་ཕན་པའི། །​ཕན་པ་རྟག་ཏུ་རབ་ཏུ་བརྗོད། །​མི་རྣམས་གྲོགས་ནི་དེ་ཡིན་ཏེ། །​གྲོགས་གང་གིས་ནི་འདོད་པ་འཐོབ། །​དེ་ནི་གྲོགས་པོ་རྣམས་ཀྱི་མཆོག་ཡིན་ཏེ། གང་གིས་རྣམ་པ་དུ་མ་དང་། རྣམ་པར་རྟོག་པ་དུ་མས་ཀྱང་། ཆོས་ཉེ་བར་སྟོན་པར་བྱེད་པའོ། །​འོན་ཀྱང་གང་དག་ཟས་ཕལ་པོ་ཆེ་རྣམས་མངོན་པར་རྗོད་པར་བྱེད་པ་དང་། ཁྱིམ་རྣམས་སུ་འཇུག་པར་བྱེད་པ་དང་། སྡུག་པའི་སྒྲ་དང་། རེག་བྱ་དང་། རོ་དང་། གཟུགས་དང་། དྲི་རྣམས་སྟེན་པ་ཉེ་བར་སྟོན་པར་བྱེད་པ་རྣམས་ནི་མ་ཡིན་ཏེ། རྣམ་པ་དེ་སྲིད་ཀྱི་གྲོགས་པོ་འདི་དག་ནི་གཅིག་ཀྱང་གྲོགས་པོར་བྱ་བ་མ་ཡིན་ན་སྐྱོན་དུ་མ་རྣམས་སྐྱེད་པར་བྱེད་པའི་གྲོགས་པོ་མང་པོ་མི་བྱ་བ་ལྟ་ཅི་སྨོས། གང་དག་གིས་འཇིགས་པ་དང་བཅས་པར་འགྱུར་བ་འཇིག་རྟེན་ཕ་རོལ་དུ་ཕན་པ་མ་ཡིན་པ་བྱེད་པར་འགྱུར་བ་དེ་དག་རྣམས་ནི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-101487#UT22084-068-021-101487