ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་མཐའ་ཡས་ཀྱི་མཚན་གང་དག་ཉན་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་ཡན་ལག་འཐོབ་པར་འགྱུར་རོ། །སེམས་ཅན་ཡང་དཀོན་མཆོག་དམ་པ་ལ་འགོད་པར་བྱེད་དོ། །དེ་དག་ཉིན་མཚན་དུ་ཡང་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་ལྔ་བརྒྱ་སྙེད་ན་འཇིག་རྟེན་གྱི་ཁམས་པད་མོ་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མོའི་བླ་མ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་པད་མོའི་བླ་མའི་མཚན་གང་དག་ཉན་པ་དང་། དད་པ་ཡང་སྐྱེད་ནི་འཇིག་རྟེན་ན་དེ་དག་ཐམས་ཅད་པད་མོ་དང་འདྲ་བར་འགྱུར་ཏེ། དགེ་བའི་ཆོས་ཀྱིས་མངོན་པར་འཕགས་པར་འགྱུར་རོ། །པད་མོ་ཆུའི་ནང་ནས་སྐྱེས་ཀྱང་ཆུ་མི་ཆགས་པ་བཞིན་དུ་བསྐལ་པ་ལྔ་བཅུ་རྩ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྟོང་བས་ཆེས་རིང་བ་འཇིག་རྟེན་གྱི་ཁམས་མྱ་ངན་དང་གནོད་པ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡན་ལག་བླ་མ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཡན་ལག་བླ་མའི་མཚན་གང་དག་ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་སྲེད་པའི་ཆུའི་རྒྱ་མཚོ་ཆེན་པོ་ལས་འཇིག་རྟེན་གྱི་ཁམས་མྱ་ངན་དང་གནོད་པ་ཐམས་ཅད་ལས་སྒྲོལ་བ་ཞེས་བྱ་བར་སྒྲོལ་བར་བྱེད་དོ། །འཇིག་རྟེན་ཐམས་ཅད་ཀྱི་སྦྱིན་གནས་སུ་ཡང་འགྱུར་རོ། །གང་དག་ཐོས་ནས་དད་པ་སྐྱེད་པ་དེ་དག་ཐམས་ཅད་མེ་ཏོག་དང་འདྲ་བར་གྱུར་ཏེ། འཇིག་རྟེན་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ། །མཐུ་བོ་ཆེའི་ལུས་ལྟར་མཁྲེགས་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་ལྡོག་པར་མི་འགྱུར་རོ། །ཡང་བུད་མེད་གང་དག་དེ་བཞིན་གཤེགས་པ་ཡན་ལག་བླ་མའི་མཚན་ཉན་ཅིང་ཐོས་ནས་ཀྱང་དད་པ་སྐྱེད་པ་ནི་དེས་བུད་མེད་ལས་བསྒྱུར་བར་འགྱུར་རོ། །ཤཱ་རིའི་བུ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཕན་ཡོན་འདི་དག་འདོད་པ་དང་སེམས་ཅན་སྡུག་བསྔལ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ན། དེ་བཞིན་གཤེགས་པ་ཡན་ལག་གི་བླ་མའི་མཚན་མཉན་པར་བྱའོ། །