བརྩོན་འགྲུས་ཀྱིས་ནམ་མཁའ་མཐའ་ཡས་ཤིང་མུ་མེད་པར་ཕྱོགས་བཞི་གང་དང་གང་དུ་མདའ་འཕངས་པ་དེ་སྲིད་དུ་ཤུགས་ཀྱིས་སོང་སྟེ་ས་ལ་ལྷུང་ན། ཁྱིམ་བདག་རྣམས་དེ་ཇི་སྙམ་དུ་སེམས། མདའ་དེ་དག་ངེས་པར་ས་ལ་ལྷུང་ངམ། བཅོམ་ལྡན་འདས་སྐྱེས་བུ་དེའི་སྟོབས་དང་། མཐུ་དང་། བརྩོན་འགྲུས་ཀྱིས་ཇི་སྲིད་པ་དེ་སྲིད་དུ་ཤུགས་ཀྱིས་མཆིས་ནས་དོག་ས་ལ་ལྷུང་ཡང་། བཅོམ་ལྡན་འདས་དེ་དག་ནི་ནམ་མཁའ་ལ་ཐོགས་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཁྱིམ་བདག་རྣམས་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་གཏིང་དཔག་དཀའ་བ་མཐའ་ཡས་ཤིང་མུ་མེད་པ་སྟེ། མུ་མེད་པ་བཞི་དག་དང་ལྡན་ནོ། །བཞི་གང་ཞེ་ན། ཚུལ་ཁྲིམས་མུ་མེད་པ་དང་ལྡན་པ་དང་། ཏིང་ངེ་འཛིན་མུ་མེད་པ་དང་ལྡན་པ་དང་། ཤེས་རབ་མུ་མེད་པ་དང་ལྡན་པ་དང་། རྣམ་པར་གྲོལ་བ་མུ་མེད་པ་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇིག་རྟེན་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཡེ་ཤེས་མཐའ་ཡས་པས། །སེམས་ཀྱི་ལས་དག་རྣམ་སྦྱངས་ཏེ། །ཕྱི་ནས་མྱ་ངན་འདས་པ་སྟོན། །ཇི་ལྟར་ནམ་མཁའི་ཁམས་རྣམས་ལ། །མཐའ་དག་དམིགས་མེད་དེ་ཡི་ཕྱིར། །དེ་བཞིན་ཡེ་ཤེས་ཆེན་པོ་ཡི། །འཇུག་པ་ལ་ནི་དམིགས་པ་མེད། །ཡེ་ཤེས་ཆེན་པོ་ཆགས་མེད་པ། །དེ་ལ་ཆགས་པ་ཡོད་མིན་ཞིང་། །ཡེ་ཤེས་ནམ་མཁར་མཚུངས་ཉིད་དེ། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །ནམ་མཁའི་ཁམས་སུ་མདའ་མང་པོ། །འཕེན་པར་བྱེད་ཅིང་འཕངས་ནས་ཀྱང་། །དེ་དག་ཕྱིར་ནི་ས་ལ་ལྷུང་། །དེ་བཞིན་བྱིས་པ་བླ་ངན་རྣམས། །ཡེ་ཤེས་བཟང་པོ་འདི་ཐོས་ནས། །དེ་དག་འདིར་ནི་ཕྱིར་ཡང་ལྷུང་། །གང་དུ་མདའ་དག་འཕངས་ནས་ཀྱང་། །དེ་དག་ས་ལ་སླར་ལྟུང་སྟེ། །ནམ་མཁའ་ཡི་ནི་དབྱིངས་དེ་ལ། །ནམ་ཡང་ཆགས་པར་མི་འགྱུར་རོ། །དེ་བཞིན་སངས་རྒྱས་ཡེ་ཤེས་ནི། །ཆགས་པ་དག་ཏུ་མི་དམིགས་སོ། །གང་དུ་བློ་ནི་རབ་གནས་པར། །བྱིས་པ་དེ་དག་དེར་ལྟུང་སྟེ། །བྱིས་པའི་མཐུ་ནི་རྟོགས་ནས་ཀྱང་། །སངས་རྒྱས་ཡེ་ཤེས་རབ་ཏུ་བསྒྲགས། །དེ་ཕྱིར་ཡེ་ཤེས་བསྒྲགས་པ་ནི། །ང་ལ་མཁྱུད་པ་ཡོད་མ་ཡིན། །ཇི་ལྟར་ནམ་མཁའ་མུ་མེད་ཅིང་། །ཚད་ཡོད་མ་ཡིན་མཐའ་ཡས་ལྟར། །དེ་བཞིན་ཡེ་ཤེས་ཆེན་པོ་ཡི། །མཐའ་ནི་དམིགས་པ་མི་འགྱུར་རོ།