།སེམས་ཀྱིས་རྣམ་པ་ཐམས་ཅད་དུ། །སེམས་ཀྱིས་ངོ་བོ་ཉིད་མི་རྟོགས། །དེ་བཞིན་རྣམ་འདྲེན་གསུངས་པ་ཡི། །ལྟ་བ་དེ་ནི་རང་བཞིན་མེད། །སྤྱན་དག་རྒྱལ་བས་གསུངས་པ་ཡི། །ལྟ་བ་ལ་ནི་ལྟ་བ་མེད། །དེ་ཕྱིར་ཤེས་རབ་ལྡན་པ་ནི། །བདག་ཉིད་གྲོལ་སྙམ་འཛིན་པ་མེད། །མཚན་མར་འཛིན་པ་སྒོམ་པ་རྣམས། །བདག་ཏུ་དམིགས་པས་རྨོངས་པར་འགྱུར། །མཁས་པ་མ་ཡིན་ཁ་ཅིག་ནི། །ཡང་དག་མ་ཡིན་སྟོང་པ་སྤོང་། །དངོས་པོ་རྨི་ལམ་སྒྱུ་མ་འདྲ། །རང་གི་བློས་ནི་བརྟགས་ནས་ཀྱང་། །མི་མཁས་དེ་དག་དངོས་པོ་རྣམས། །གཞིག་ཕྱིར་མྱ་ངན་འདས་པ་སྨྲ། །ལུས་ལ་ཡང་ནི་རྟེན་བཅས་ནས། །ཚུལ་ཁྲིམས་འདུ་ཤེས་རྣམ་པར་འཇིག །སེམས་ཀྱི་དམིགས་པ་དག་ལ་ཡང་། །བསམ་གཏན་འདུ་ཤེས་རྣམ་པར་འཇིག །དེ་བཞིན་ཤེས་རབ་དམིགས་ནས་ཀྱང་། །ས་བོན་འདུ་ཤེས་རྣམ་པར་རྨོངས། །འཇིག་རྟེན་འཇིག་རྟེན་མཁས་རྣམས་ཀྱིས། །དེ་དག་ཆོས་ཀྱི་རྐུན་པོར་བརྗོད། །འདི་འདྲ་བ་ཡི་ཆོས་རྣམས་ལ། །ཆོས་དབྱིངས་འོད་གསལ་ཉོན་མོངས་མེད། །འོ་ན་རབ་ཏུ་བྱུང་བའི་དོན། །ཁྱོད་ཀྱིས་བདག་ལ་ཇི་སྐད་བརྗོད། །ཆོས་རྣམས་ཐམས་ཅད་ཐ་དད་མེད། །འདི་དག་བྲག་ཅ་འདྲ་བ་ཡིན། །མཁས་པ་དེ་དག་ནམ་དུ་ཡང་། །འཕགས་པའི་སྤྱོད་ཡུལ་རྟོག་མི་བྱེད། །གཞན་མིན་མཚན་ཉིད་དེ་བཞིན་ཉིད། །གཞན་དག་ཏུ་ནི་ཡོང་མི་འགྱུར། །ཆོས་རྣམས་འགྱུར་བ་མེད་པ་ལ། །རབ་བྱུང་བརྟགས་པས་ཅི་ཞིག་བྱ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཁྱེའུ་རིན་ཆེན་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེའུ་བྱང་ཆུབ་ཅེས་བྱ་བ་དེ་གང་གི་ཚིག་བླ་དགས་ཡིན། རིན་ཆེན་བྱིན་གྱིས་སྨྲས་པ། འཇམ་དཔལ་བྱང་ཆུབ་ནི་ཚིག་གི་བླ་དགས་མེད་པའོ། །འཇམ་དཔལ་གྱིས་སྨྲས་པ། ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། རིན་ཆེན་བྱིན་གྱིས་སྨྲས་པ། འཇམ་དཔལ་ཆོས་ཉིད་ནི་བསམ་དུ་མེད་པ་ཡིན་ན། དེ་བདག་གིས་འདི་ལྟར་བསམས་ཏེ་བསྟན་པར་བྱ། འཇམ་དཔལ་གྱིས་སྨྲས་པ། འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་ཇི་ལྟར་གདམས་ངག་བསྟན་པར་བྱ།