Degé Kangyur volume 58, F.251.b

ཅི་སླད་བཞད་པ་སྟོན་པ་དེ། །​མི་མཚུངས་ཡེ་ཤེས་མངའ་བས་བདག་ལུང་སྟོན། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཀུན་དགའ་བོ་ཀླུའི་རྒྱལ་པོ་མ་དྲོས་པ་དེ་བཞིན་གཤེགས་པ་ལ་འདི་འདྲ་བའི་བཀོད་པ་འདི་དག་གིས་མཆོད་པ་བྱེད་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་རྒྱལ་པོ་མ་དྲོས་པ་འདིས་བྱང་ཆུབ་བསྒྲུབ་པའི་ཕྱིར་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་གན་དུ་ཚངས་པར་སྤྱོད་པ་སྤྱད་དོ། །​གང་གི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །​ཞེས་ལུང་བསྟན་པ་དེའི་ཚེ་དེའི་དུས་ན་ཀླུའི་རྒྱལ་པོ་འདི་ཚོང་དཔོན་གྱི་བུ་རྣམ་པར་དག་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏེ། དེས་ང་ལུང་བསྟན་པ་ཐོས་ནས་སྨོན་ལམ་བཏབ་པ། བདག་ཀྱང་མ་འོངས་པའི་དུས་ན་ཇི་ལྟར་ཁྱེའུ་བློ་གྲོས་བཟང་པོ་འདི་ལུང་བསྟན་པ་བཞིན་དུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨྲས་སོ། །​ཀུན་དགའ་བོ་ཀླུའི་རྒྱལ་པོ་མ་དྲོས་པ་འདི་ཇི་ལྟར་ད་ལྟར་ང་ལ་འབུལ་བ་དེ་བཞིན་དུ་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་རང་གི་གནས་བརྒྱན་ནས་འབུལ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དེའི་ལྷག་པའི་བསམ་པ་མཁྱེན་ནས་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་རྣམ་གྲངས་འདི་འཆད་པར་འགྱུར་རོ། །​ས་ཕྱོགས་འདི་ཉིད་དུ་དེ་བཞིན་གཤེགས་པ་ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་ཡང་བཞུགས་ནས་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་སྒོའི་ལེའུ་འདི་གསུངས་སོ། །​ཀླུའི་བདག་པོ་མ་དྲོས་པ་འདི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པར་འགྱུར་རོ། །​ཆོས་ཀྱང་ཉན་པར་འགྱུར་རོ། །​དེའི་འོག་ཏུ་དེ་བཞིན་གཤེགས་པ་གྲངས་མེད་པ་མཉེས་པར་བྱེད་པར་འགྱུར།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh156.html?part=UT22084-058-005-954#UT22084-058-005-954