།ཐེག་པ་ཆེན་པོ་ལ་དད་པ་འཇུག་པ་ཞེས་བྱ་བར་ཡང་ཟུང་ཤིག །ཐེག་པ་ཆེན་པོ་ལ་དད་པ་རྣམ་པར་འཕེལ་བ་ཞེས་བྱ་བར་ཡང་ཟུང་ཤིག་ཐེག་པ་ཆེན་པོ་ལ་དད་པ་ངེས་པར་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བའི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་ཞུས་ཤིང་བྲིས་ཏེ་གཏན་ལ་ཕབ་པ།། །།༄༅། །རྒྱ་གར་སྐད་དུ། ཨཱརྱ་རཏྣོལྐ་ནཱ་མ་དྷཱ་ར་ཎཱི་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀོན་མཆོག་ཏ་ལ་ལའི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་དུ་ཚང་བ་ཐམས་ཅད་ཀྱང་དཀར་པོའི་ཆོས་ཡོངས་སུ་རྫོགས་པ། སེང་གེའི་སྒྲ་ཆེན་པོ་སྒྲོག་པ། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཚོལ་བ་ལ་མཁས་པ་ཤ་སྟག་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྩོན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱིས་བརྒྱན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་མངོན་བསྒྲགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་དང་། བྱང་ཆུབ་སེསམ་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་བཀོད་པ་དང་།