Degé Kangyur volume 56, F.155.b

ཁྱི་དང་ཕག་དང་ཝ་དག་དང་། །​བ་ལང་བོང་བུ་དྲེའུ་རྟ་དག །​དེ་དག་འདོད་པ་སྟེན་བྱེད་ཀྱི། །​སངས་རྒྱས་མི་མཛད་ཉན་ཐོས་མིན། །​ཞར་བ་ཐེང་བོ་ལོང་བ་དང་། །​གླེན་པ་སྒུར་པོ་མིའུ་ཐུང་རྣམས། །​དེ་དག་འདོད་པ་སྟེན་བྱེད་ཀྱི། །​སངས་རྒྱས་མི་མཛད་ཉན་ཐོས་མིན། །​སྦྲང་བུ་སྦུར་བ་ཕྱེ་ལེབ་དང་། དེ་བཞིན་རྨ་བྱ་ཁུ་བྱུག་རྣམས། །​དེ་དག་འདོད་ལ་སྟེན་བྱེད་པས། །​ཁོ་བོ་ཁྱད་པར་མེད་པར་འགྱུར། །​ཇི་ལྟར་མེ་ཡི་ཀླུབས་ཀྱིས་ནི། །​འཛམ་བུའི་གླིང་འདི་གང་གྱུར་ན། །​ལོང་བ་དེར་ནི་ལྟུང་བ་ལྟར། །​རྒྱལ་བ་འདོད་པར་དེ་བཞིན་ནོ། །​འདོད་པ་མི་རྟག་སྡུག་བསྔལ་བས། །​སུ་ཞིག་འདོད་པ་སྟེན་པར་བྱེད། །​གང་དག་འདོད་པའི་རྗེས་འབྲང་བས། །​དེ་དག་དེ་ཡི་ཆོས་མི་ཤེས། །​ཁོ་བོ་འདོད་པ་མི་གཉེར་བར། །​སངས་རྒྱས་ཀྱིས་ནི་ཁོ་བོ་མཁྱེན། །​ལྷར་གྱུར་བདག་ལ་འདྲི་བ་འདི། །​སངས་རྒྱས་ཡིན་པར་ཁོ་བོས་ཤེས། །​བདག་གིས་སངས་རྒྱས་སྐྱོབ་པ་ནི། །​ལྷུན་པོའི་རྒྱལ་ལས་འདི་སྐད་ཅེས། །​མཚན་མོའི་ཐུན་གྱི་ཐ་མ་ལ། །​སངས་རྒྱས་འདའ་བར་འགྱུར་ཞེས་ཐོས། །​ཀུན་སྦྱོར་ཟད་པའི་དྲང་སྲོང་ལ། །​གང་དག་ལྟ་བར་འདོད་པ་དག །​ཀྱེ་མ་སྟོན་པ་འདས་གྱུར་གྱིས། །​ཚུར་ཤོག་སངས་རྒྱས་བལྟ་ཕྱིར་འདོང་། །​སྐྱོབ་པ་ཤཱཀྱ་སེང་གེ་ནི། །​མྱ་ངན་འདའ་བར་འགྱུར་བའི་ཚེ། །​གང་གིས་མཐོང་ཞིང་ཐོས་གྱུར་པས། །​དགེ་བ་མང་པོ་བྱེད་འགྱུར་ལྟར། །​དེས་ནི་བསྐལ་པ་བྱེ་སྟོང་དུ། །​དགེ་བ་བྱས་པ་མ་ཡིན་ཞེས། །​བྱང་ཆུབ་ཡན་ལག་གནས་མཛད་པ། །​བདེ་གཤེགས་མི་མཆོག་དེ་སྐད་གསུངས། །​གང་དག་སྟོན་ལ་དགའ་བ་ཡི། །​ལྷ་དང་གནོད་སྦྱིན་མི་རྣམས་དག །​གྲགས་ཆེན་རྫོགས་པའི་སངས་རྒྱས་ལ། །​བལྟ་ཕྱིར་མྱུར་དུ་ཚུར་ཤོག་ཅིག །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་སྲོག་ཆགས་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་། མདུན་དུ་བདར་ཏེ། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh136.html?part=UT22084-056-004-901#UT22084-056-004-901