གཟུགས་ན་སྤྱོད་པའི་ཏིང་ངེ་འཛིན་མཚན་མ་དང་བཅས་པ་དང་། མི་གཡོ་བའི་ཏིང་ངེ་འཛིན་ལས་ཤིན་ཏུ་འདས་ནས་འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་པའོ། །དེ་བཞིན་གཤེགས་པ་ནི་ཞི་བའོ། །མི་སྣང་བའོ། །བལྟར་མི་མཐོང་བའོ། །མཐའ་ཡས་པའོ། །སྤྲིན་དང་མཚུངས་པའོ། །རབ་ཏུ་མ་ཞི་བའོ། །རབ་ཏུ་ཞི་བ་མ་ཡིན་པའོ། །ཞི་བ་དང་བྲལ་བའོ། །ཞི་བ་མེད་པའོ། །དག་པའོ། །ཉོན་མོངས་པ་མེད་པའོ། །ལེན་པ་མེད་པའོ། །བྱམས་པ་མེད་པའོ། །འཁོར་བྱེད་མེད་པའོ། །འཁོར་བྱེད་དང་བྲལ་བའོ། །མི་གནས་པའི་ཚུལ་གྱིས་གནས་པའོ། །མདུད་པ་མེད་པའོ། །འཆི་འཕོ་མེད་པའོ། །འཆི་འཕོ་བར་མི་འགྱུར་བའོ། །ཆོས་མ་ཡིན་པའོ། །ཆོས་མ་ཡིན་པ་ཡང་མ་ཡིན་པའོ། །ཞིང་མ་ཡིན་པའོ། །ཞིང་མ་ཡིན་པ་ཡང་མ་ཡིན་པའོ། །མི་ཟད་པའོ། །མི་ཟད་པ་ཡང་མ་ཡིན་པའོ། །ཟད་པ་དང་བྲལ་བའོ། །སྐད་ཅིག་པའོ། །མི་འཁྲུགས་པའོ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། འདུ་བྱེད་རྣམས་དེ་བཞིན་གཤེགས་པ་མ་ཡིན། འདུ་བྱེད་རྣམས་ལས་གཞན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འདུ་བྱེད་རྣམས་ལས་གཞན་པ་ཞིག་དེ་བཞིན་གཤེགས་པར་གྱུར་ན་ནི། དེ་བཞིན་གཤེགས་པ་དངོས་པོ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པ་ནི་འདུ་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། གལ་ཏེ་འདུ་བྱེད་རྣམས་དེ་བཞིན་གཤེགས་པ་མ་ཡིན། འདུ་བྱེད་རྣམས་ལས་གཞན་པ་ཡང་མ་ཡིན་ན། ཅི་རྣམ་པར་ཤེས་པ་དེ་བཞིན་གཤེགས་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པ་ལས་གཞན་པ་ཞིག་གམ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། རྣམ་པར་ཤེས་པ་དེ་བཞིན་གཤེགས་པ་མ་ཡིན། རྣམ་པར་ཤེས་པ་ལས་གཞན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ། གསོབ་གསོག་ཡང་དག་པ་མ་ཡིན་པ། འདུ་བྱེད་འདུས་པ་ལས་སྐྱེས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། འདུས་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་གསོབ་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་ངེས་པར་སྐྱེས་པ་མ་ཡིན། རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་མ་ཡིན་ནོ།