།རིང་པོར་མི་ཐོགས་སྙིང་རྗེ་ལྡན་པར་འགྱུར། །མི་གཙང་བས་ནི་འདོད་ཆགས་རྟག་ཞི་གྱིས། །བཟོད་པའི་སྟོབས་ཀྱིས་ཞེ་སྡང་ཚར་ཆོད་ཅིག །ཤེས་རབ་སྟོབས་ཀྱིས་གཏི་མུག་བསལ་བར་གྱིས། །རྒྱལ་བས་བསྔགས་པའི་བྱང་ཆུབ་ཐོབ་པར་འགྱུར། །ལུས་ནི་སྙིང་པོ་མེད་ཅིང་དབུ་བ་འདྲ། །སྡུག་བསྔལ་རུལ་བ་དྲི་ང་བསྒོམ་པར་གྱིས། །ཕུང་པོ་ཐམས་ཅད་གསོག་ཏུ་ཤེས་པར་གྱིས། །ཡེ་ཤེས་བླ་མེད་མྱུར་དུ་ཐོབ་པར་འགྱུར། །བདག་དང་སྐྱེས་བུ་དང་ནི་སྲོག་རྣམས་སུ། །སྡིག་པའི་ལྟ་བ་ནམ་ཡང་མ་འཛིན་ཅིག །ཆོས་རྣམས་ཐམས་ཅད་སྟོང་པར་ཤེས་པར་གྱིས། །བླ་མེད་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །རྙེད་ལ་ཆགས་པར་ནམ་ཡང་མ་བྱེད་ཅིག །ཟས་རྣམས་མ་རྙེད་ན་ཡང་གདུང་མ་བྱེད། །བསྟོད་དང་སྨད་པ་དག་གིས་མ་གཡོ་བར། །རི་རབ་བཞིན་དུ་རབ་ཏུ་མི་འགུལ་གྱིས། །གུས་པ་སྐྱེད་ལ་ཆོས་རྣམས་བཙལ་བར་གྱིས། །ཐོས་ནས་དེ་ཚེ་དེ་ཡང་མྱོང་བར་གྱིས། །རྒྱལ་བ་ཀུན་གྱི་སྤྱོད་ཡུལ་གནས་གྱིས་དང་། །བདེ་བ་ཅན་གྱི་ཞིང་དུ་མྱུར་དུ་འགྲོ། །འགྲོ་བ་ཀུན་ལ་སེམས་ཀྱང་མཉམ་གྱིས་ལ། །སྡུག་དང་མི་སྡུག་པ་ཡི་སེམས་མ་བྱེད། །རྙེད་དང་སྙན་པ་དག་ནི་མ་ཚོལ་ཅིག །མྱུར་དུ་སངས་རྒྱས་ཐུབ་པའི་དབང་པོར་འགྱུར། །ཡོན་ཏན་གང་ཐོས་སེམས་ཅན་དད་འགྱུར་ཞིང་། །སངས་རྒྱས་ཡོན་ཏན་དག་ལ་མོས་སྐྱེད་པ། །ཡང་དག་ཡོན་ཏན་ངེས་པའི་ཚིག་རྣམས་ཀྱིས། །སངས་རྒྱས་ཡོན་ཏན་རྟག་ཏུ་བཤད་པར་གྱིས། །རྟག་ཏུ་སློབ་དཔོན་དང་ནི་ཕ་དང་མ། །དེ་བཞིན་འགྲོ་བ་ཀུན་ལ་གུས་པར་གྱིས། །ང་རྒྱལ་དག་གི་དབང་དུ་མ་འགྲོ་ཤིག །སུམ་ཅུ་རྩ་གཉིས་མཚན་རྣམས་ཐོབ་པར་འགྱུར། །འདུ་འཛི་དག་ནི་མ་ལུས་རྣམ་སྤངས་ནས། །རྟག་ཏུ་དབེན་པ་ལ་ཡང་དགའ་བར་གྱིས། །དེས་ཤིང་བརྟུལ་ཞུགས་བཟང་ལ་རྟག་ཏུ་ཞི། །བདག་ལ་ཕན་ཞིང་སེམས་ཅན་གཞན་ལ་ཕན། །བྱམས་པ་དང་ནི་སྙིང་རྗེ་བསྒོམ་པར་གྱིས། །དགའ་དང་བཏང་སྙོམས་ལ་ཡང་རྟག་མོས་གྱིས། །རྟག་ཏུ་རྒྱལ་བའི་བསྟན་པ་རྗེས་སུ་ལྟོས། །འཇིག་རྟེན་དུ་ཡང་མྱུར་དུ་ཕན་བྱེད་འགྱུར། །སྡིག་པའི་གྲོགས་པོ་ནམ་ཡང་མ་སྟེན་པར། །གྲོགས་པོ་གང་དག་རྒྱ་ཆེར་སྟེན་པར་གྱིས།