རི་རབ་རྒྱ་མཚོར་བཅས་པ་དག །ཕྱོགས་བཅུ་ན་ཡང་ཅི་ཡོད་གཡོས། །ཕྱོགས་བཅུ་དག་ན་སེམས་ཅན་རྣམས། །ཀུན་གྱིས་དེ་ནི་མི་ཤེས་སོ། །ས་དག་རབ་ཏུ་གཡོས་པ་འདི། །བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཡིན། །བྱང་ཆུབ་དམ་པ་འཚང་རྒྱ་བ། །དེ་ཚེ་ས་ཡང་ལན་དྲུག་གཡོས། །འདུས་བྱས་ཆོས་ནི་ཇི་སྙེད་དང་། །ཆོས་གང་འདུས་མ་བྱས་པ་ཡང་། །ཆོས་དེ་ཐམས་ཅད་རབ་རྟོགས་ཏེ། །ཆོས་ཀྱི་སྒྲར་ནི་བསྟན་པ་ཡིན། །འདི་ལ་རྟོགས་བྱེད་གང་ཡང་མེད། །སེང་གེའི་སྒྲ་ནི་འབྱུང་མོད་ཀྱི། །འབྱུང་བ་དག་ཀྱང་རྣམ་རིག་ནས། །འོད་བྱེད་སངས་རྒྱས་ཉིད་དུ་འགྱུར། །རྟེན་ཅིང་ཆོས་རྣམས་འབྱུང་བར་འགྱུར། །རྟེན་ཅིང་ཆོས་རྣམས་རབ་ཏུ་སྐྱེ། །ཆོས་རྣམས་ཀྱི་ནི་རྟེན་པ་ཡང་། །མཁས་པ་དེ་དག་ཐམས་ཅད་ཤེས། །ཆོས་ཀུན་གྱི་ནི་ཆོ་ག་ཤེས། །སྟོང་ཉིད་རྟོགས་པར་ཁོང་དུ་ཆུད། །དེ་དག་འགྲོ་བ་རབ་ཤེས་ཏེ། །ཆོས་ཀུན་རྟོགས་པར་ཁོང་དུ་ཆུད། །དེ་ཡི་འགྲོ་བ་བཙལ་ན་ཡང་། །བྱང་ཆུབ་སེམས་དཔས་མི་རྙེད་དེ། །འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི། །འགྲོ་བ་བསམ་ཡས་དེ་ཡིས་རིག །འགྲོ་བ་ཐམས་ཅད་ཤེས་པ་གང་། །དེ་ནི་འགྲོ་བ་དེར་འགྲོ་སྟེ། །དམ་ཆོས་མཚན་ཉིད་རིག་པས་ན། །ངན་སོང་ཐམས་ཅད་ཆད་པ་ཡིན། །དམ་ཆོས་མཚན་ཉིད་རིག་ནས་ནི། །ཞིང་རྣམས་ཐམས་ཅད་རྣམ་པར་ལྟ། །ཞིང་ཀུན་ལ་ཡང་རྣམ་བལྟས་ནས། །བྱང་ཆུབ་སྙིང་པོར་འདུག་པར་འགྱུར། །བྱང་ཆུབ་སྙིང་པོར་འདུག་ནས་སུ། །སེང་གེ་ཡི་ནི་སྒྲ་སྒྲོག་སྟེ། །དེ་བཞིན་ཞིང་རྣམས་བྱེ་བ་སྙེད། །བསམ་ཡས་དཔག་མེད་གྲགས་པར་བྱེད། །ཞིང་དེ་རྣམས་ཀྱང་གཡོ་བྱེད་ཅིང་། །སངས་རྒྱས་དཔའ་བོ་གྲགས་ཆེན་དག །སེམས་ཅན་ཇི་ལྟར་འདུལ་བ་བཞིན། །སེམས་ཅན་ཁ་ལོ་སྒྱུར་ཞིང་འདུལ། །བྱང་ཆུབ་དམ་པ་རེག་ནས་ནི། །བྱང་ཆུབ་སྙིང་པོ་དེ་ལས་ལངས། །དཔག་མེད་བསམ་གྱིས་མི་ཁྱབ་པ། །སེམས་ཅན་འདུལ་བའང་རྣམ་པར་འདུལ། །དེ་ནས་རྫོགས་པའི་སངས་རྒྱས་ནི། །སངས་རྒྱས་སྤྲུལ་པ་མཐའ་ཡས་སྤྲུལ། །ཞིང་རྣམས་བྱེ་བ་སྟོང་དུ་ཡང་། །སངས་རྒྱས་སྤྲུལ་པ་འགྲོ་བར་འགྱུར། །སེམས་ཅན་བྱེ་བ་བསམ་ཡས་རྣམས། །བྱང་ཆུབ་མཆོག་ལ་རབ་ཏུ་འགོད།