།འཇིག་རྟེན་མགོན་པོའི་སྤྱན་སྔར་བསྟོད་འགྱུར་ཏེ། །དེ་ནི་ཉམས་པར་ནམ་ཡང་ཡོང་མི་འགྱུར། །ཏིང་འཛིན་ཞི་བ་མཆོག་འདི་རབ་བཟུང་ན། །དེ་ཡི་མདུན་དུ་འཇིག་རྟེན་མགོན་པོ་ནི། །མཚན་དང་དཔེ་བྱད་མཛེས་པའི་སྐུ་བཞུགས་ཏེ། །དེ་ཡི་ཡེ་ཤེས་ཉམས་པར་ཡོང་མི་འགྱུར། །ཏིང་འཛིན་ཞི་བ་མཆོག་འདི་རབ་བཟུང་ན། །ནམ་ཡང་ཞུམ་པའི་སེམས་སུ་མི་འགྱུར་ཏེ། །རྟག་ཏུ་ཕྱུག་ཅིང་དབུལ་པོ་མ་ཡིན་འགྱུར། །སེམས་ཀྱང་འཛིན་ཅིང་ཆགས་པར་ཡོང་མི་འགྱུར། །ཏིང་འཛིན་ཞི་བ་མཆོག་འདི་རབ་བཟུང་ན། །མི་ཁོམ་པར་ཡང་གནས་པར་མི་འགྱུར་ཏེ། །ས་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །དེ་ཡི་རྒྱལ་སྲིད་རྟག་ཏུ་བདེ་བར་འོང་། །བསྐལ་པ་བརྒྱར་ནི་བཤད་ཀྱང་མི་ཟད་དེ། །ཡེ་ཤེས་ཡངས་པ་དེ་ལ་ཐེ་ཚོམ་མེད། །ཏིང་འཛིན་ཞི་བའི་ས་འདི་ཐོས་ནས་ནི། །བརྟན་པ་ཇི་ལྟར་བསྟན་པ་དེ་བཞིན་གནས། །བསྐལ་པ་བྱེ་བ་མཐའ་ཡས་དཔག་མེད་དུ། །སྟོབས་བཅུས་དེ་ཡི་ཕན་ཡོན་བརྗོད་ན་ཡང་། །ཆ་ཙམ་དུ་ནི་ཡོངས་སུ་བརྗོད་མི་འགྱུར། །རྒྱ་མཚོ་ལས་ནི་ཆུ་ཐིགས་བླངས་པ་བཞིན། །དེ་ཚེ་གཞོན་ནུ་དེ་ཡང་རབ་དགའ་བས། །ལངས་ནས་རབ་ཏུ་ཐལ་སྦྱར་ཕྱག་འཚལ་ཏེ། །མགུ་རངས་སྟོབས་བཅུ་ཡི་ནི་མངོན་སུམ་འདུག །ཚིག་རབ་མཆོག་གིས་ཆེད་དུ་རྗོད་པ་བརྗོད། །འཇིག་རྟེན་མགོན་པོ་འོད་མཛད་པ། །མི་གཙོས་འདི་དག་ཇི་ཙམ་དུ། །ཕན་ཡོན་ལེགས་པར་རབ་བཤད་པ། །དཔའ་བོ་ཆེན་པོ་བསམ་མི་ཁྱབ། །ཕྱི་མའི་དུས་ན་སུ་དག་ནི། །མདོ་སྡེ་འདི་ལ་ཉན་པར་འགྱུར། །ཕན་པར་དགོངས་ཤིང་ཐུགས་བརྩེ་བ། །དཔའ་བོ་ཆེན་པོ་བདག་ལ་གསུངས། །ཀ་ལ་པིང་ཀའི་སྒྲ་དབྱངས་ཀྱིས། །སྟོན་པས་དེ་ལ་བཤད་མཛད་དེ། །བཅོམ་ལྡན་ཆགས་མེད་ཡེ་ཤེས་ཅན། །ཚིག་ཀྱང་འདི་སྐད་རབ་ཏུ་གསུང་། །སུ་དག་ཆོས་ཀྱི་རྗེས་སློབ་ཅིང་། །མདོ་སྡེ་འདི་ནི་ཉན་འགྱུར་བ། །ནན་ཏན་བླ་ན་མེད་པ་ཡང་། །གཞོན་ནུ་བཤད་ཀྱིས་མཉན་པར་གྱིས། །སངས་རྒྱས་ཡེ་ཤེས་རབ་ཚོལ་བས། །མི་དབང་དག་ལ་མཆོད་བྱེད་ཅིང་། །བྱམས་པའི་སེམས་ལ་སྙེན་བྱེད་པ། །མདོ་སྡེ་འདི་ནི་ཉན་པར་འགྱུར། །