།བར་སྣང་འདི་ན་དེང་འདུག་བདག་གིས་མཐོང་། །སྟོབས་བཅུ་མི་དབང་ཁྱོད་ཀྱི་གཟི་བརྗིད་ཀྱིས། །འཇིག་རྟེན་ན་ནི་སྒྲིབ་པ་གང་ཡང་མེད། །རྒྱལ་བ་ཚད་མེད་ཞིང་ཡང་དེ་བཞིན་ཏེ། །ཐོགས་པ་མེད་པར་ནམ་མཁའ་འདི་ནས་མཐོང་། །ཇི་ལྟར་མི་དག་རྨི་ལམ་འདོད་སྤྱོད་དང་། །སོས་ཀ་ཇི་ལྟར་སྨིག་རྒྱུ་འབྱུང་བ་དང་། །ལ་ལས་ཆུ་ནང་ཟླ་བ་མཐོང་བ་བཞིན། །ཞིང་དང་སངས་རྒྱས་དེ་དག་བདག་གིས་མཐོང་། །གང་ཚེ་བདག་གིས་སངས་རྒྱས་ཞིང་ཡོངས་དག །དེ་ཚེ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ། །སྒྲིབ་པ་མེད་པའི་ཡེ་ཤེས་སྐྱེས་པའི་ཚེ། །དེ་ནི་མི་དབང་བྱང་ཆུབ་བདག་ལུང་བསྟན། །འགྲོ་བ་ཐམས་ཅད་བྲག་ཅ་འདྲ་བ་སྟེ། །སྐྱེ་བོ་མཁས་པ་དག་ལ་མི་སླུས་སོ། །དེ་རིང་མགོན་པོ་ཁྱོད་ཀྱི་གསུང་ཐོས་ནས། །ཆོས་ཀྱི་མིང་དང་ཡང་དག་ཉིད་ཀྱང་རྟོགས། །ང་ནི་སྒྲིབ་མེད་རྣམ་གྲོལ་སྤྱོད་པ་ན། །མཚུངས་མེད་བསམ་ཡས་སངས་རྒྱས་ཞིང་ཡང་དག །རྒྱལ་བ་ཚད་མེད་དེ་བཞིན་ཞིང་རྣམས་ན། །མི་དབང་གཟིགས་ཤིང་བཞུགས་པར་ངས་མཐོང་ངོ་། །འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་བསླབ་པར་བྱའོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པར་ཐར་པར་ཡང་མི་འཛིན། འདི་ན་རྣམ་པར་ཐར་པ་མེད་པར་ཡང་མི་འཛིན། སྒྲིབ་པར་ཡང་མི་འཛིན། འདི་ན་སྒྲིབ་པ་མེད་ཅེས་ཀྱང་མི་འཛིན། བྱང་ཆུབ་སེམས་དཔའ་མེད་པར་ཡང་མི་འཛིན། བྱང་ཆུབ་སེམས་དཔའ་འདི་ན་མེད་པར་ཡང་མི་འཛིན། སྤྱོད་པ་མེད་པར་ཡང་མི་འཛིན། སྤྱོད་པ་འདི་ནའོ་ཞེས་ཀྱང་མི་འཛིན། སངས་རྒྱས་ཀྱི་ཞིང་མེད་པར་ཡང་མི་འཛིན། སངས་རྒྱས་ཀྱི་ཞིང་འདི་ནའོ་ཞེས་ཀྱང་མི་འཛིན། དཔག་ཏུ་མེད་པ་མེད་པར་ཡང་མི་འཛིན། དཔག་ཏུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། གྲངས་མེད་པ་མེད་པར་ཡང་མི་འཛིན། གྲངས་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། བསམ་གྱིས་མི་ཁྱབ་པ་མེད་པར་ཡང་མི་འཛིན། བསམ་གྱིས་མི་ཁྱབ་པ་འདི་ནའོ་ཞེས་ཀྱང་མི་འཛིན།