ལེགས་འོངས་ལ་སོགས་པ་དབང་དང་ལྡན་པར་གྱུར་པ་ལྔ་བརྒྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཀཽཎྜི་ནྱ་རིགས་ང་ཡི་ཉན་ཐོས་འདི། །མ་འོངས་དུས་ཀྱི་བསྐལ་པ་མཐའ་ཡས་ན། །དེ་བཞིན་གཤེགས་པ་འཇིག་རྟེན་མགོན་དུ་འགྱུར། །སྲོག་ཆགས་བྱེ་བ་ཕྲག་སྟོང་རྣམ་པར་འདུལ། །མ་འོངས་དུས་ཀྱི་མཐའ་ཡས་བསྐལ་པ་ན། །སངས་རྒྱས་མང་པོ་མཐའ་ཡས་མཐོང་ནས་ནི། །ཀུན་ཏུ་སྣང་ཞེས་བྱ་བའི་རྒྱལ་བར་འགྱུར། །དེ་ཡི་ཞིང་ཡང་ཡོངས་སུ་དག་པར་འགྱུར། །སངས་རྒྱས་སྟོབས་དང་འོད་དུ་ལྡན་པར་འགྱུར། །ཕྱོགས་བཅུ་དག་ཏུ་སྒྲ་ཡང་རྣམ་པར་བསྒྲགས། །སྲོག་ཆགས་བྱེ་བ་སྟོང་གིས་མདུན་གྱིས་བལྟས། །བྱང་ཆུབ་དམ་པ་མཆོག་ཀྱང་སྟོན་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་པ་རྣམས། །གཞལ་མེད་ཁང་མཆོག་ཏུ་ནི་མངོན་ཞུགས་ནས། །དེ་ན་གནས་ཤིང་རྗེས་སུ་རྣམ་པར་སེམས། །རྣམ་དག་ཚུལ་ཁྲིམས་རྟག་ཏུ་ལེན་པའི་ཚུལ། །རྐང་གཉིས་གཙོ་བོ་དེ་ཡི་ཆོས་ཐོས་ནས། །ཞིང་གཞན་དུ་ནི་དེ་དག་རྟག་ཏུ་ཡང་། །དེ་དག་སངས་རྒྱས་སྟོང་ལ་ཕྱག་འཚལ་འགྲོ། །དེ་དག་ལ་ནི་རྒྱ་ཆེའི་མཆོད་བྱས་ཏེ། །སྐད་ཅིག་གིས་ནི་རྣམ་པར་འདྲེན་པ་ཡིན། །ཞིང་དེར་དེ་དག་ཕྱིར་ཡང་འོང་བར་འགྱུར། །རབ་ཏུ་སྣང་ཞེས་བྱ་བ་མི་ཡི་གཙོ། །སྤྱོད་པའི་སྟོབས་ནི་དེ་ལྟར་དེ་འདྲར་འགྱུར། །བདེ་གཤེགས་དེ་ཡི་ཚེ་ཚད་འགྱུར་བར་ནི། །བསྐལ་པ་སྟོང་ཕྲག་དྲུག་ཅུ་ཚང་བར་འགྱུར། །སྐྱོབ་པ་ཡོངས་སུ་མྱ་ངན་འདས་ནས་ནི། །དེ་ལས་ཉིས་གྱུར་དམ་ཆོས་དེར་གནས་འགྱུར། །དེ་ཡི་གཟུགས་བརྙན་འབྱུང་བར་འགྱུར་བ་ནི། །དེ་ཡི་སུམ་འགྱུར་དེ་སྲིད་དུས་སུའོ། །སྐྱོབ་པ་དེ་ཡི་དམ་ཆོས་མེད་གྱུར་ནས། །ལྷ་རྣམས་དང་ནི་མི་དག་སྡུག་བསྔལ་འགྱུར། །སྐྱེས་མཆོག་ཀུན་དུ་སྣང་ཞེས་བྱ་བར་ཡང་། །མིང་གཅིག་པ་ཡི་རྒྱལ་བ་འབྱུང་བ་ནི། །འདྲེན་པ་ལྔ་བརྒྱ་ཡོངས་སུ་ཚང་བ་སྟེ། །དེ་དག་གཅིག་གི་འོག་ཏུ་གཅིག་འབྱུང་འགྱུར། །དེ་དག་ཀུན་གྱི་བཀོད་པ་དེ་འདྲ་སྟེ། །རྫུ་འཕྲུལ་སྟོབས་དང་དེ་བཞིན་སངས་རྒྱས་ཞིང་། །འདུས་པ་དེ་བཞིན་དམ་ཆོས་དེ་འདྲ་སྟེ། །དམ་པའི་ཆོས་གནས་པ་ཡང་མཉམ་པར་འགྱུར།