།ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་བས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེ། །ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེ། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷ་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི་བསམས་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤོག །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་གཏོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །