།རྨི་ལམ་ངན་དང་དགྲ་བགེགས་དང་། །མུན་པ་ལྟ་བུས་དབང་བྱས་ཀྱང་། །ཉི་ཟླ་ལྟ་བུའི་འོད་ཕྱུང་སྟེ། །མཐའ་ནས་རྣམ་པར་གསལ་བར་གསུངས། །ཕྱོགས་སྐྱོང་རྣམས་ཀྱིས་བསྲུང་དུ་གསོལ། །དེ་ཡི་སྙིང་པོ་འདི་སྐད་གསུངས། །ཨོཾ་ཧ་ཀུ་ཧཱུྃ། ཧཱུྃ་དུ་ཧཱུྃ། ཧཱུྃ་ན་ཧཱུྃ། ཧཱུྃ་ཡྃ་ཧཱུྃ། ཧཱུྃ་ཀེ་ཧཱུྃ། ཧཱུྃ་ཀི་ཧཱུྃ། ཧཱུྃ་ཀཱི་ཧཱུྃ། ཧཱུྃ་ཏི་ཧཱུྃ། ཧཱུྃ་ཏཱི་ཧཱུྃ། ཧཱུྃ་དཱུ་ཧཱུྃ། ཧཱུྃ་བེ་ཧཱུྃ། བདག་གི་ལྔ་ཕུང་ཡན་ལག་ལ། །ཐོག་མ་མེད་པའི་དུས་མཐའ་ནས། །ད་ལྟའི་ཚེ་ལུས་འདི་སྐྱེས་སུ། །བྲི་ཉེས་པ་དང་བཀླག་ཉེས་དང་། །མཉན་ཉེས་པ་དང་བཤད་ཉེས་དང་། །བསྒོམ་ཉེས་པ་དང་བསྒྲུབ་ཉེས་དང་། །ཁྲིམས་ཉམས་པ་དང་སྡོམ་ཉམས་དང་། །དམ་ཉམས་ཀུན་ལས་བསྲུང་དུ་གསོལ། །དེ་ཡི་སྙིང་པོ་འདི་སྐད་གསུངས། །ན་མོ་བྷ་ག་བ་ཏེ་སརྦ་དྷུ་ཡེ་དུཥྚ་ན་སྭཱ་ཧཱ། འཕགས་པ་སྡོང་པོ་རྒྱན་གྱི་མཆོག་ཅེས་བྱ་བའི་གཟུངས་རྫོགས་སྷོ།། ༄༅། །སངས་རྒྱས་ཀྱི་ཆོས་གསལ་ཞིང་ཡངས་པ་སྣང་བརྒྱད་ཅེས་བྱ་བའི་མདོ། བམ་པོ་གཅིག་གོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རིན་པོ་ཆེ་ཁང་པ་བརྩེགས་པའི་ནང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་ཏེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་དང་། ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པས་བཅོམ་ལྡན་འདས་ལ་མཆོད་ཅིང་བསྟོད་ནས། ཚོགས་མང་པོའི་ནང་ནས་བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་རྣམས་སྐྱེ་ཤི་འཁོར་བ་ཐོག་མ་མེད་པ་ནས་འཁོར་ན། སེམས་ཅན་ཤེས་པ་དང་ལྡན་པ་ནི་ཉུང་། མི་ཤེས་པ་ནི་མང་། ཚུལ་ཁྲིམས་སྲུང་བ་ནི་ཉུང་། ཚུལ་ཁྲིམས་མི་སྲུང་བ་ནི་མང་། བརྩོན་འགྲུས་ཅན་ནི་ཉུང་། ཡངས་ཤིང་གཡེང་བ་ནི་མང་། ཚེ་རིང་བ་ནི་ཉུང་། ཚེ་ཐུང་བ་ནི་མང་། ལོངས་སྤྱོད་དང་ལྡན་པ་ནི་ཉུང་། ལོངས་སྤྱོད་ཆུང་བ་ནི་མང་། བདེ་སྐྱིད་པ་ནི་ཉུང་།