Degé Kangyur volume 47, F.45.b

བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་ལྟ་བར་གནས་པ་ནས། དེ་བཞིན་དུ་སྦྱར་ཏེ་ཐམས་ཅད་ལ་ཡང་བྱའོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་མ་འོངས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཁམས་མ་སྐྱེས་པ་དང་། ཀུན་ནས་མ་སྐྱེས་པ་དང་། མ་བྱུང་བ་དང་། ཀུན་ནས་མ་བྱུང་བ་དང་། རབ་ཏུ་མ་བྱུང་བ་དང་། ཤིན་ཏུ་མ་བྱུང་བ་དང་། མ་འོངས་པར་གྱུར་པ་དང་། མ་འོངས་པའི་རྒྱུད་དུ་གྱུར་པ་དང་། མ་འོངས་པའི་རྒྱུད་མ་ཆད་པ་དང་། མ་འོངས་པའི་དུས་ཀྱིས་བཟུང་བ་དང་། མ་འོངས་པའི་དུས་མ་ཆད་པ་གང་ཡིན་པ་འདི་ནི་མ་འོངས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་སྔར་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ད་ལྟར་བྱུང་བའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཁམས་སྐྱེས་པ་དང་། ཀུན་ནས་སྐྱེས་པ་དང་། བྱུང་བ་དང་། ཀུན་ནས་བྱུང་བ་དང་། རབ་ཏུ་བྱུང་བ་དང་། ད་ལྟར་བྱུང་བ་དང་། ད་ལྟར་བྱུང་བའི་རྒྱུད་དུ་གྱུར་པ་དང་། ད་ལྟར་བྱུང་བའི་དུས་ཀྱིས་བཟུང་བ་དང་། ད་ལྟར་བྱུང་བའི་རྒྱུད་མ་ཆད་པ་གང་ཡིན་པ་འདི་ནི་ད་ལྟར་བྱུང་བའི་ཁམས་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​སྔར་ཇི་སྐད་བསྟན་པ་བཞིན་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ད་ལྟར་བྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས། ད་ལྟར་བྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང་རྐྱེན་གང་དག་གིས་ད་ལྟར་བྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང་རྐྱེན་དེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2640#UT22084-047-001-2640