Degé Kangyur volume 47, F.11.a

ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་། དོན་མ་ཡིན་པ་ཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱས་ནས། བདེ་བ་ལ་བཙུད་པ་ནི་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་སྟེ། དེ་ཡང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །​ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​དེ་ལྟ་བས་ན་འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤིན་ཏུ་རྨོངས་པ་གང་གིས་གནས་མ་ཡིན་པ་སྟོན་པ་ལ་མི་ཤེས་པ་བྱུང་བའི་ཤིན་ཏུ་རྨོངས་པ་དེ་ནི་ངོ་བོ་ཉིད་དང་བྲལ་བ་སྟེ། དེས་ན་ཤིན་ཏུ་རྨོངས་པའི་ཆོས་མེད་དེ། ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ། །​ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པ་ཤེས་པ་གང་གིས་གནས་མ་ཡིན་པ་ཤེས་པ་ཡོངས་སུ་ཤེས་པའི་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱོང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བ་མེད་པར་རྗེས་སུ་བལྟ་བར་གནས་པ་དེ། དེ་བཞིན་གཤེགས་པས་ཡང་དག་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2571#UT22084-047-001-2571