Degé Kangyur volume 47, F.88.b

རྣམ་པར་སྨིན་པ་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་ལུས་ཀྱི་ལས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ལུས་ཀྱི་ལས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ།​། །​།བམ་པོ་དགུ་པ། ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ངག་གི་ལས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ངག་གི་ལས་དགེ་བ་རྣམ་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བརྫུན་དུ་སྨྲ་བ་སྤངས་པ་དང་། ཕྲ་མ་སྨྲ་བ་སྤངས་པ་དང་། ངག་རྩུབ་པོ་སྨྲ་བ་སྤངས་པ་དང་། ཚིག་ཀྱལ་པ་སྤངས་པ་སྟེ། ངག་གི་ལས་ཀྱི་དགེ་བ་རྣམ་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་སྟེ། ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་ངག་གི་ལས་མི་དགེ་བ་རྣམ་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ངག་གི་ལས་ལུང་དུ་མ་བསྟན་པ་རྣམ་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཡང་དག་པར་ཡོངས་སུ་སྤྱད་པ་དང་། མི་འཐུན་པར་ཡོངས་སུ་སྤྱད་པ་དང་། དུས་ཚིགས་ཀྱིས་རྣམ་པར་བསྒྱུར་བ་དང་། སྤྱོད་ལམ་ལས་བྱུང་བའི་ངག་གི་ལས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་ལ་ཤེས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་ངག་གི་ལས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ངག་གི་ལས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཡིད་ཀྱི་ལས་ཤེས་པ་ཡང་དག་པ་ཇི་ལྟ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2726#UT22084-047-001-2726