Degé Kangyur volume 47, F.82.b

ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་རྣམ་པར་བྱང་བ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་རྣམ་པར་གཞག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟར་བསམ་གཏན་དང་པོ་ལས་ལྡང་བར་བྱ་ཞིང་། བསམ་གཏན་དང་པོ་ལས་ལངས་ནས། ཆོས་འདི་དག་ལ་ཡང་དག་པར་སྤྱོད་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། བསམ་གཏན་དང་པོ་ལས་ལངས་པའི་སེམས་དབེན་པ་ལ་གཞོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། བསམ་གཏན་དང་པོ་ལས་ལངས་པའི་སེམས་དགའ་བར་བྱེད་པའི་ཆོས་གང་ཡིན་པ་དང་། བསམ་གཏན་དང་པོ་ལས་ལངས་པའི་མངོན་པར་རྗོད་པར་བྱེད་པའི་ཆོས་གང་ཡིན་པ་དང་། དེ་དང་པོའི་ཆོས་གང་ཡིན་པ་ཡང་དག་པར་སྤྱོད་པའི་ཆོས་དེ་དག་རབ་ཏུ་མཁྱེན། སེམས་གང་གཞོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཆོས་གང་དག་ལ་དགའ་བའི་ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གང་དག་ལ་མི་དགའ་བའི་ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཆོས་གང་ཡིད་ལ་བྱས་ཤིང་ལྡང་བ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བསམ་གཏན་བཞི་པ་དང་། དེ་བཞིན་དུ་རྣམ་པར་ཐར་པ་རྣམས་དང་། དེ་བཞིན་དུ་ཏིང་ངེ་འཛིན་རྣམས་དང་། དེ་བཞིན་དུ་སྙོམས་པར་འཇུག་པ་རྣམས་ཀྱི་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པས་རྣམ་པར་ལྡང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་རྣམ་པར་ལྡང་བ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས་རྒྱ་ཆེར་བྱ་སྟེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2714#UT22084-047-001-2714