Degé Kangyur volume 47, F.79.a

བར་དུ་འགྱུར་ཞིང་། ལེ་ལོ་དག་གིས་ནི་མ་ཡིན་ནོ། །​དེ་ལྟར་ན་དེ་བཞིན་གཤེགས་པས་བརྩོན་འགྲུས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་བརྩོན་འགྲུས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་རིམ་པས་ལུས་ཀྱི་དང་སེམས་ལས་བྱུང་བའི་བརྩོན་འགྲུས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སེམས་ཅན་ཁ་ཅིག་ལུས་ཀྱི་བརྩོན་འགྲུས་དང་ལྡན་ལ། སེམས་ལས་བྱུང་བས་ནི་མ་ཡིན། སེམས་ཅན་ཁ་ཅིག་སེམས་ལས་བྱུང་བའི་བརྩོན་འགྲུས་དང་ལྡན་ལ། ལུས་ཀྱིས་ནི་མ་ཡིན་ཏེ། དེ་ལ་སེམས་ཅན་གང་དག་བརྩོན་འགྲུས་ཀྱི་ལུས་དང་ལྡན་ལ། སེམས་ལས་བྱུང་བས་ནི་མ་ཡིན་པ་དེ། ལུས་ཉམ་ཆུང་བ་ལས་སྨོད་པར་བྱེད། ལུས་ཉམ་ཆུང་བ་ལས་རྣམ་པར་བྱང་བ་མེད་པར་འཇིག་ཅིང་སྨོད་ལ་སྤྲོ་བ་མི་སྐྱེད་དོ། །​གང་དག་སེམས་ལས་བྱུང་བའི་བརྩོན་འགྲུས་དང་ལྡན་ལ། ལུས་ཀྱིས་ནི་མ་ཡིན་པ་དེ་ནི་སེམས་ཀྱི་དབང་གིས་སྨོད་པར་བྱེད་ཅིང་འཕྱར་བར་འགྱུར་རོ། །​གང་དག་ལུས་ཀྱི་དང་སེམས་ལས་བྱུང་བའི་བརྩོན་འགྲུས་དང་ལྡན་པ་དེ་དག་ནི། ཟུང་དུ་མཉམ་ཞིང་ལྡན་པ་ནི་སྨོད་པར་མི་བྱེད་ཅིང་འཕྱར་པར་མི་བྱེད་ལ། བརྩོན་འགྲུས་བར་མའི་ཤེས་པ་དང་ལྡན་པས་ཚོགས་སྒྲུབ་ཅིང་བྱ་བ་མཐར་བྱེད་ལ། བྱ་བ་ཡང་དག་པར་སྒྲུབ། བདུད་ཀྱི་ཞགས་པ་གཅོད། བདུད་ཕམ་པར་བྱེད། བདུད་ཕྱིར་ཕྱོགས་པར་བྱེད། བདུད་ཀྱི་རིས་དག་སྐྲག་པར་བྱེད། སངས་རྒྱས་ཀྱི་རྒྱུད་འཕེལ་བར་བྱེད། ལམ་སྤྱོད་པར་བྱེད། མུ་བསྟེན་པར་བྱེད། ཟམ་པ་འདོགས་པར་བྱེད། སྟེགས་འཆའ་བར་བྱེད། ཡེ་ཤེས་ཀྱི་སྒྲོན་མ་འབར་བར་བྱེད། སྣང་བར་བྱེད། མུན་པ་སེལ་བར་བྱེད། ལམ་སྟོན་པར་བྱེད། ཡང་དག་པར་བླང་བའི་བརྩོན་འགྲུས་ལ་ཤིན་ཏུ་གནས་ཤིང་ཡོངས་སུ་མི་ཉམས་པར་བྱེད་དོ། །​གང་དག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2707#UT22084-047-001-2707