Degé Kangyur volume 47, F.7.b

བསྐལ་པ་གཏམས་སམ། བསྐལ་པ་དཀྲིགས་སམ། བསྐལ་པའི་བར་རམ། བསྐལ་པ་དཔག་ཏུ་མེད་པར་ལན་གསུང་ངོ་། །​བསྐལ་པ་གྲངས་མེད་པ་དང་། བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། བརྗོད་ཀྱིས་མི་ལང་བར་ལན་གསུང་ངོ་། །​བསྐལ་པ་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པ་དང་། གྲངས་མེད་པའི་དཔག་ཏུ་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་དཔག་ཏུ་མེད་པ་དང་། གཞལ་དུ་མེད་པའི་དཔག་ཏུ་མེད་པ་དང་། གཞལ་གྱིས་མི་ལང་བའི་དཔག་ཏུ་མེད་པ་དང་། བརྗོད་དུ་མེད་པའི་དཔག་ཏུ་མེད་པའི་བསྐལ་པར་ལན་གསུང་ངོ་། །​བསྐལ་པ་གྲངས་མེད་པའི་དཔག་ཏུ་མེད་ཅིང་གྲངས་མེད་པའི་དཔག་ཏུ་མེད་པ་དང་། གྲངས་མེད་པའི་གྲངས་མེད་པ་དང་། གྲངས་མེད་པའི་བསམ་གྱིས་མི་ཁྱབ་པ་དང་། གྲངས་མེད་པའི་གཞལ་དུ་མེད་པ་དང་། གྲངས་མེད་པའི་གཞལ་གྱིས་མི་ལང་བ་དང་། གྲངས་མེད་པའི་བརྗོད་དུ་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་དཔག་ཏུ་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་གྲངས་མེད་པ་དང་། བསམ་གྱིས་མི་ཁྱབ་ཅིང་། བསམ་གྱིས་མི་ཁྱབ་པའི་གཞལ་དུ་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་གཞལ་གྱིས་མི་ལང་བ་དང་། གཞལ་དུ་མེད་པའི་དཔག་ཏུ་མེད་པ་དང་། གཞལ་དུ་མེད་པའི་གྲངས་མེད་པ་དང་། གཞལ་དུ་མེད་པའི་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པའི་གཞལ་དུ་མེད་པ་དང་། གཞལ་དུ་མེད་པའི་གཞལ་གྱིས་མི་ལང་བ་དང་། གཞལ་དུ་མེད་པའི་བརྗོད་དུ་མེད་པ་དང་། གཞལ་གྱིས་མི་ལང་བའི་དཔག་ཏུ་མེད་པ་དང་། གཞལ་གྱིས་མི་ལང་བའི་གྲངས་མེད་པ་དང་། གཞལ་གྱིས་མི་ལང་བའི་བསམ་དུ་མེད་པ་དང་། གཞལ་གྱིས་མི་ལང་བའི་གཞལ་གྱིས་མི་ལང་བ་དང་། གཞལ་གྱིས་མི་ལང་བའི་བརྗོད་དུ་མེད་པ་དང་། གྲངས་མེད་པའི་བརྗོད་དུ་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་བརྗོད་དུ་མེད་པ་དང་། གཞལ་དུ་མེད་པའི་བརྗོད་དུ་མེད་པ་དང་། གཞལ་གྱིས་མི་ལང་བའི་བརྗོད་དུ་མེད་པའི་བརྗོད་དུ་མེད་པར་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​ཁྱིམ་བདག་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ། མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་དེ། ཐུགས་སུ་ཆུད་པའི་གནས་གང་ལ་ཞུ་བ་ཞུས་པའི་སྤོབས་པ་མི་ཟད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2564#UT22084-047-001-2564