Degé Kangyur volume 47, F.62.b

ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་རྣ་བའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། འབྱུང་བ་ཆེན་པོ་བཞི་དང་བ་ནི་རྣ་བའི་དབང་པོ་ཡིན་ཏེ། སའི་ཁམས་དང་བ་དང་། ཆུའི་ཁམས་དང་བ་དང་། མེའི་ཁམས་དང་བ་དང་། རླུང་གི་ཁམས་དང་བ་ཡིན་ཏེ། དེ་ལ་སའི་ཁམས་དང་བ་ཡང་རྣ་བའི་དབང་པོ་མ་ཡིན་ལ། སའི་ཁམས་དང་བ་ལས་གཞན་པ་ཡང་རྣ་བའི་དབང་པོ་མ་ཡིན་ཞིང་། རླུང་གི་ཁམས་དང་བ་ལས་གཞན་པ་ཡང་རྣ་བའི་དབང་པོ་མ་ཡིན་མོད་ཀྱི། འོན་ཀྱང་ལས་ཀྱི་རྣམ་པར་སྨིན་པས་རྣ་བའི་དབང་པོ་མངོན་པར་གྲུབ་པ་ཡིན་ནོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་རྣ་བའི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་རྣ་བའི་དབང་པོ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​སྣ་དང་ལྕེ་དང་ལུས་ཀྱང་དེ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཡིད་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཡིད་ཀྱི་དབང་པོ་ནི་དབང་པོ་ལྔ་པོ་དག་གི་གཙོ་བོ་ཡིན་ནོ། །​ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཡིད་ཀྱི་དབང་པོ་ནི་དབང་པོ་ལྔ་དག་གི་སྤྱོད་ཡུལ་ལ་སྤྱོད་པ་དང་། ཡིད་ཀྱི་དབང་པོ་ནི་དབང་པོ་ལྔའི་ཞིང་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་ཡིད་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ཡིད་ཀྱི་དབང་པོ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཀུན་འབྱུང་བ་དང་འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་མོའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། མོའི་སྒྲ་དང་། མོའི་དབྱིབས་དང་། མོའི་སྦ་བ་དང་། མོའི་ཚུལ་དང་། མོའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2674#UT22084-047-001-2674