Degé Kangyur volume 47, F.56.a

མ་སྐྱེས་པའི་ཆོས་ཅན་ནོ། །​དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་འདུས་བྱས་ཀྱི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་འདུས་བྱས་ཀྱི་ཁམས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་འདུས་བྱས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས། འདུས་བྱས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང་རྐྱེན་གང་དག་གིས་འདུས་བྱས་ཀྱི་ཁམས་ཤེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2661#UT22084-047-001-2661