Degé Kangyur volume 47, F.86.b

ཇི་ལྟར་ན་དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སྲེད་པའི་རྐྱེན་གྱིས་སྡུག་བསྔལ་འགྲུབ་ལ། ཤེས་པའི་དབང་གིས་དེའི་སྤོང་བ་འགྲུབ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་ཤེས་པ་གང་གིས་ཉོན་མོངས་པ་སྤོང་བ་ཡོངས་སུ་མཁྱེན་ཏེ། དེ་ནི་མི་སྐྱེ་བ་ཤེས་པའོ། །​དེ་ལ་ཤེས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་མི་སྐྱེ་བ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་མི་སྐྱེ་བ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ལ་གཞན་ལ་རག་མ་ལུས་པའི་ཤེས་པ་ལ་དམིགས་ནས། ངས་མངོན་པར་རྫོགས་པར་སངས་མ་རྒྱས་པའི་ཆོས་གང་ཡང་མེད་དེ། གང་ཕ་རོལ་དག་གིས་དེ་ཆོས་འདི་དག་ལ་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་རྒོལ་བ་ལ་བསྙེངས་པ་མི་མངའོ། །​དེ་ལྟར་དེ་བཞིན་གཤེགས་པ་མ་ལུས་པར་ཐུགས་སུ་ཆུད་པ་ལ་བཞུགས་སོ། །​དེ་བཞིན་གཤེགས་པ་མ་ལུས་པར་ཐུགས་སུ་ཆུད་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དོན་སོ་སོ་ཡང་དག་པར་རིག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་དོན་སོ་སོ་ཡང་དག་པར་རིག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། ཡི་གེ་འདི་ནི་དོན་འདི་སྟོན་ཏེ། འདི་ལྟ་སྟེ་ཆོས་ཀྱི་དོན་དང་། སེམས་ཅན་གྱི་དོན་དང་། སྲོག་མེད་པའི་དོན་དང་། གང་ཟག་མེད་པའི་དོན་དང་། སྟོང་པ་ཉིད་ཡོངས་སུ་བསྟན་པའི་དོན་དང་། མཚན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2722#UT22084-047-001-2722