Degé Kangyur volume 47, F.77.b

ཇི་ལྟར་ན་དེ་བཞིན་གཤེགས་པས་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་དུ་ཉན་ཐོས་དང་རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ཀྱི་མཛད་པ་དག་མཛད་པས་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་ལ་ཤེས་པ་དང་། མཐོང་བ་དང་། གསལ་བ་དང་། མངོན་པར་རྟོགས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་རྒྱུན་དུ་ཞུགས་པའི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པ་ལ་བྱ་བ་ཅི་ཡང་མེད་དོ་ཞེས་རབ་ཏུ་མཁྱེན་ཏོ། །​ལན་ཅིག་ཕྱིར་འོང་བའི་འདོད་པའི་འདོད་ཆགས་དང་གནོད་སེམས་བསྲབས་པ་ལ་བྱ་བ་ཅི་ཡང་མེད་དོ་ཞེས་རབ་ཏུ་མཁྱེན་ཏོ། །​ཕྱིར་མི་འོང་བའི་ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་འཐུན་པ་ལྔ་དག་སྤངས་པ་ལ་བྱ་བ་ཅི་ཡང་མེད་དོ་ཞེས་རབ་ཏུ་མཁྱེན་ཏོ། །​དགྲ་བཅོམ་པའི་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པ་ལ་བྱ་བ་ཅི་ཡང་མེད་དོ་ཞེས་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་བྱས་པ་སོ་སོར་རྟོགས་ཅིང་མི་སྐྱེ་བ་སོ་སོར་རྟོགས་པ་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​སྟོན་པ་མིག་དང་ལྡན་པས་བྱས་པ་ནད་འདྲར་མཁྱེན། །​ཉོན་མོངས་ཐམས་ཅད་སྤངས་པས་དེ་ཡི་བསླབ་བྱ་མེད། །​བསླབ་པ་ཀུན་ལ་བསླབས་པས་དེ་ཡི་བསླབ་བྱ་མེད། །​བྱ་བ་བྱས་པ་དེས་མཁྱེན་འདི་ལྟར་རྨོངས་པ་མེད། །​སྦྲུལ་གྱི་མཆེ་བ་བཅད་ཅིང་དུག་ཀུན་རྣམ་བཅོམ་པས། །​སེམས་ཅན་གནོད་བྱར་མི་རུང་དུག་སོ་དངོས་མེད་པ། །​དེ་ལྟར་ཉོན་མོངས་སྤོངས་པ་རློམ་སེམས་མི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2704#UT22084-047-001-2704