Degé Kangyur volume 47, F.48.b

པར་རྗེས་སུ་ལྟ་བར་གནས་པ་ནས། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་ལྟ་བར་གནས་པའི་བར་འདི་ནི་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱས་ནས། བདེ་བ་ལ་བཙུད་པ་ནི་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པ་སྟེ། དེ་ཡང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པ་ཤེས་པའོ། །​དེ་བཞིན་གཤེགས་པ་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་ལྟ་བར་གནས་པའོ། །​དེ་བཞིན་གཤེགས་པ་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2646#UT22084-047-001-2646