Degé Kangyur volume 47, F.21.b

ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་ལྟ་བར་གནས་པ་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་མིག་གི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་། ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་གཟུགས་ཀྱི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་གཟུགས་ཀྱི་ཁ་དོག་དང་། དབྱིབས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། དབྱིབས་ལེགས་པ་དང་། དབྱིབས་མ་ལེགས་པ་དང་། མདོག་བཟང་བ་དང་། མདོག་ངན་པ་དང་། ཁ་དོག་ངན་པ་དང་། ཁ་དོག་བཟང་བའི་ཁ་དོག་དང་། མདོག་ནག་པོ་དང་། སེར་པོ་དང་། སོ་མདོག་ལྟ་བུ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་མདོག་དང་། གྲུ་བཞི་དང་། ཆ་དྲུག་པ་དང་། ཆ་བརྒྱད་པ་དང་། ཆ་བཅུ་དྲུག་པ་དང་། ཟུར་གསུམ་པ་དང་། དམའ་བ་དང་། མཐོ་བ་དང་། མཉམ་པ་དང་། མི་མཉམ་པ་དང་། གྲིབ་མ་དང་། ཉི་མ་དང་། སྤྲིན་དང་། སྤྲིན་མེད་པ་དང་། དུ་བ་དང་། རྡུལ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། སྣང་བ་དང་། མུན་པ་དང་། མཚན་མ་སྣང་བ་འདི་ནི་གཟུགས་ཀྱི་ཁམས་ཞེས་བྱ་སྟེ། དེ་ལ་ཤེས་པ་དང་། མཐོང་བ་དང་། གསལ་བ་དང་། མངོན་པར་རྟོགས་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མཁས་པ་གང་ཡིན་པ་འདི་ནི་གཟུགས་ཀྱི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་གཟུགས་ཀྱི་ཁམས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2592#UT22084-047-001-2592