Degé Kangyur volume 47, F.102.a

ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཉེ་དུ་དང་བྲལ་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་མིང་ཙམ་གྱི་བར་དུའོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཉེ་དུ་དང་མི་ལྡན་པའི་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ལྷའི་གནས་རྗེས་སུ་དྲན་པ་དང་། སྐྱེ་བའི་རིགས་རྗེས་སུ་དྲན་པ་དང་། ལོངས་སྤྱོད་རྗེས་སུ་དྲན་པ་དང་། མཛའ་བཤེས་དང་ཕྲད་པ་རྗེས་སུ་དྲན་པ་དང་། མི་མཛའ་བ་དང་ཕྲད་པ་རྗེས་སུ་དྲན་པ་དང་། མཚོ་དང་འབྲེལ་པ་རྗེས་སུ་དྲན་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཀྱི་ཁམས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡུལ་ན་གནས་པའི་རྒྱུ་དང་རིགས་ལ་གནས་པའི་རྒྱུ་དང་། མཛའ་བཤེས་དང་ཕྲད་པའི་རྒྱུ་དང་མི་མཛའ་བ་དང་ཕྲད་པའི་རྒྱུ་དང་། ཆུ་དང་འབྲེལ་བའི་རྒྱུ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡུལ་ན་གནས་པའི་རྒྱུ་དང་བྲལ་བ་དང་། རིགས་ལ་གནས་པའི་རྒྱུ་དང་བྲལ་བ་དང་། མཛའ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2753#UT22084-047-001-2753