Degé Kangyur volume 46, F.219.a

མཆོད་འོས་ཡིན། །​བུ་མོས་སྨྲས་པ། བྱང་ཆུབ་ཅེས་བགྱི་ཚིག་གི་དོན་ནི་གང་ཞིག་ལགས། །​དེ་ནི་གང་ལས་འཐོབ་ཅིང་སུ་ཞིག་སྩལ་བར་བགྱིད། །​ཚོགས་རྣམས་གང་དག་ལ་ནི་ངེས་པར་བསྟེན་བགྱིས་ན། །​མཁས་པ་མ་ལགས་མ་རྟོགས་རྣམས་ཀྱིས་རྟོགས་པར་འགྱུར། །​འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་བརྗོད་པ་མེད་པ་དང་། ཡི་གེ་མེད་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལས་རྣམ་པར་གྲོལ་བ་དང་། སྟོང་པ་དང་། མཚན་མ་དག་དང་བྲལ་བ་དང་། ཉོན་མོངས་པ་མེད་པ་དང་། ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་ནི་བྱང་ཆུབ་ཅེས་བྱའོ། །​དེ་སྐད་ཅེས་སྨྲས་ནས། ཡང་འཇམ་དཔལ་གཞོན་ནུར་གྱུར་པས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །​སྲིང་མོ་ཁྱོད་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག་དང་། ངས་ཁྱོད་ལ་གོས་འདི་སྦྱིན་ནོ། །​བུ་མོས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཅེས་བགྱི་བ་དེ་གང་ལགས། འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་ཁྱོད་ཉིད་བྱང་ཆུབ་ཡིན་ནོ། །​བུ་མོས་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་གསུངས་པའི་དོན་དེ་བདག་གིས་མ་འཚལ་ན་ཇི་ལྟར་བདག་བྱང་ཆུབ་ལགས། འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཞིག་བཞུགས་པ་དེ་འདི་སྐད་དུ། འདི་ལྟར་ལུས་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དོ། །​བྱང་ཆུབ་མཉམ་པ་ཉིད་ཀྱིས་ལུས་མཉམ་པ་ཉིད་དོ་ཞེས་ཆོས་སྟོན་ཏེ། སྲིང་མོ་དེའི་ཕྱིར་ངས་ཁྱོད་ལ་འདི་སྐད་དུ་ཁྱོད་ཉིད་བྱང་ཆུབ་བོ་ཞེས་སྨྲས་སོ། །​སྲིང་མོ་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱི་ལུས་འདི་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་མངོན་པར་གྲུབ་པ་ཡོད་དམ། དེ་ནས་བུ་མོ་དེས་བསྟན་པ་འདི་ཐོས་ནས་དེ་སྔོན་གྱི་དགེ་བའི་རྩ་བའི་རྒྱུ་འཐུན་པས་ཆོས་ལ་སྣང་བ་སྐྱེས་པར་གྱུར་ཏེ། དེས་སྣང་བ་ཐོབ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །​འཇམ་དཔལ་དེ་ནི་དེ་ལྟ་ལགས་ཏེ། བདག་གི་ལུས་འདི་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་མངོན་པར་གྲུབ་པ་མ་ལགས་སོ། །​འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་འདི་ཇི་སྙམ་དུ་སེམས། གཟུགས་ལ་སེམས་པའམ། རྣམ་པར་ཤེས་པ་ཡོད་དམ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh96.html?part=UT22084-046-002-585#UT22084-046-002-585