Degé Kangyur volume 46, F.230.b

ལྟར་ཡང་གཟུགས་ཀྱི་ལུས་ལ་ཇི་ལྟར་བལྟ་བར་བྱ། བུ་མོས་སྨྲས་པ། འཇམ་དཔལ་དཔེར་ན། མཚོ་བྲན་གྱི་ཆབ་ཀྱི་ནང་གི་ཆུ་ཟླ་བཞིན་དུའོ། །​འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཕུང་པོ་རྣམས་ཇི་ལྟར་བལྟ་བར་བྱ། བུ་མོས་སྨྲས་པ། འཇམ་དཔལ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་བཞིན་དུའོ། །​འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཁམས་རྣམས་ཇི་ལྟར་བལྟ་བར་བྱ། བུ་མོས་སྨྲས་པ། འཇམ་དཔལ་དཔེར་ན། ཁམས་གསུམ་བསྐལ་པའི་མེས་བསྲེགས་པར་གྱུར་པ་དེ་བཞིན་དུའོ། །​འཇམ་དཔལ་གྱིས་སྨྲས་པ། བུ་མོ་སྐྱེ་མཆེད་རྣམས་ཇི་ལྟར་བལྟ་བར་བྱ། བུ་མོས་སྨྲས་པ། འཇམ་དཔལ་དཔེར་ན། མངོན་པར་འདུ་བྱ་བའི་ལས་མངོན་པར་འདུས་མ་བགྱིས་པ་བཞིན་དུའོ། །​འཇམ་དཔལ་གྱིས་སྨྲས་པ། བུ་མོ་འཁོར་འདི་ཇི་ལྟར་བལྟ་བར་བྱ། བུ་མོས་སྨྲས་པ། འཇམ་དཔལ་དཔེར་ན། འཁོར་འདི་ནི་སྟེང་གི་ནམ་མཁའི་མཚམས་བཞིན་དུའོ། །​འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཁྱོད་ཇི་ལྟར་བལྟ་བར་བྱ། བུ་མོས་སྨྲས་པ། འཇམ་དཔལ་དཔེར་ན། བདག་གི་ཕ་དང་མ་གཉིས་ཀྱི་གཉིས་ཕྲད་པ་མ་མཆིས་པ་བཞིན་དུའོ། །​འཇམ་དཔལ་གྱིས་སྨྲས་པ། བུ་མོ་ང་ཇི་ལྟར་བལྟ་བར་བྱ། བུ་མོས་སྨྲས་པ། འཇམ་དཔལ་དཔེར་ན། ལོང་བ་གཟུགས་ལ་བལྟ་བ་བཞིན་དུའོ། །​འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཁྱོད་ཀྱིས་ཆོས་འདི་དག་ཐོས་སམ། བུ་མོས་སྨྲས་པ། འཇམ་དཔལ་དཔེར་ན། སྒྱུ་མ་སྤྲུལ་པའི་རྣ་བའི་རྣམ་པར་རིག་པ་ལྟ་བུས་ཐོས་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་དམ། བུ་མོས་སྨྲས་པ། འཇམ་དཔལ་བདག་ཉིད་བྱང་ཆུབ་ལགས་ཏེ། ཡང་འདོད་པར་མི་བགྱིད་དོ། །​འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཁྱོད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱད་དམ། བུ་མོས་སྨྲས་པ། འཇམ་དཔལ་བདག་གིས་ཉོན་མོངས་པ་ཐམས་ཅད་གཏན་དུ་ཡོངས་སུ་བཏང་བས་སྤྱད་ལགས་སོ། །​འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཁྱོད་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སམ། བུ་མོས་སྨྲས་པ། འཇམ་དཔལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh96.html?part=UT22084-046-002-608#UT22084-046-002-608