Degé Kangyur volume 46, F.112.b

བྱང་ཆུབ་སེམས་དཔས་གཙུག་ཕུད་བཅད་ནས། གོས་ངུར་སྨྲིག་རྣམས་བགོས་པ་དེའི་ཚེ། ལྷའི་བུ་བརྒྱ་སྟོང་དག་དགའ་ཞིང་མགུ་ལ་ཚིམ་ཞིང་ཡི་རངས་ཏེ། མཆོག་ཏུ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ཀྱེ་གྲོགས་པོ་དག་གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ངོ་། །​ཀྱེ་གྲོགས་པོ་དག་གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ངོ་། །​དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཏེ། སེམས་ཅན་སྐྱེ་བའི་ཆོས་ཅན་གྲངས་མེད་པ་དག་སྐྱེ་བ་ལས་ཡོངས་སུ་འགྲོལ་བར་འགྱུར་བ་ནས། རྒ་བ་དང་། འཆི་བ་དང་། ན་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་སེམས་ཅན་རྣམས་ཡོངས་སུ་བཀྲོལ་ཏེ། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་བསྒྲལ་ནས། བདེ་བ་འཇིགས་པ་མེད་པ། མྱ་ངན་མེད་པ། གནོད་པ་མེད་པ། ཞི་བ། རྡུལ་དང་བྲལ་བ། འཆི་བ་མེད་པའི་ཆོས་ཀྱི་དབྱིངས་ལ་འགོད་པར་འགྱུར་རོ་ཞེས་ནས། ཨ་ལ་ལ་ཞེས་བྱ་བ་དང་། ཅ་ཅོ་དང་ག་ཞའི་སྒྲ་སྐད་ཕྱུང་བར་གྱུར་ཏོ། །​སྒྲ་དེ་ཡང་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོག་མིན་གྱི་གནས་ཀྱི་བར་དུ་གྲག་པར་གྱུར་ཏོ། །​དེ་ནས་བཙུན་མོའི་འཁོར་རྣམས་ཀྱིས་གཞོན་ནུ་མ་མཐོང་ནས། དཔྱིད་དང་དགུན་དང་དབྱར་གནས་པའི་ཁང་བཟངས་རྣམས་དང་། ཁྲི་རྣམས་དང་། ཁྱིམ་རྣམས་སུ་ཚོལ་ཞིང་གང་གི་ཚེ་མ་རྙེད་པ་དེའི་ཚེ་གཅིག་ཏུ་འདུས་ནས། བྱ་ཀུ་ར་ར་མོ་བཞིན་དུ་ངུད་མོ་འཐོན་པར་གྱུར་ཏོ། །​དེ་ན་བུད་མེད་ཁ་ཅིག་ནི་ཤིན་ཏུ་མྱ་ངན་གྱིས་ཉམ་ཐག་ནས། ཁ་ཅིག་ནི་ཀྱི་ཧུད་བུ་ཞེས་འཛེར་ཅིང་ངུའོ། །​ཁ་ཅིག་ནི་ཀྱི་ཧུད་མིང་པོ་ཞེས་འཛེར་ཅིང་ངུའོ། །​ཁ་ཅིག་ནི་ཀྱི་ཧུད་ཁྱིམ་ཐབ་ཅེས་འཛེར་ཏོ། །​ཁ་ཅིག་ནི་རྗེ་བོ་ཞེས་འཛེར་ཏོ། །​ཁ་ཅིག་ནི་སྡུག་པའི་ཚིག་སྣ་ཚོགས་སྨྲའོ། །​ཁ་ཅིག་ནི་ལུས་རྡེབ་ཅིང་ངུའོ། །​ཁ་ཅིག་ནི་མགོ་འབལ་ལོ། །​ཁ་ཅིག་ནི་གཅིག་གི་གདོང་དུ་གཅིག་ལྟ་ཞིང་ངུའོ། །​ཁ་ཅིག་ནི་མིག་བསྒྱུར་ཅིང་ངུའོ། །​ཁ་ཅིག་ནི་ལག་པ་བརླ་ལ་རྡེབ་ཅིང་ངུའོ། །​ཁ་ཅིག་ནི་བྲང་རྡུང་ཞིང་ངུའོ། །​ཁ་ཅིག་ནི་ལག་པ་དཔུང་པར་རྡེབ་ཅིང་ངུའོ། །​ཁ་ཅིག་ནི་མགོར་རྡུང་ཞིང་ངུའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh95.html?part=UT22084-046-001-4284#UT22084-046-001-4284