Degé Kangyur volume 45, F.300.a
།དེ་བཞིན་གཤེགས་པ་ལེགས་བྱིན་བྲམ་ཟེའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཚོགས་ཅན་མྱ་ངན་འདས་པ་ན། །མར་མེའི་ཕྲེང་བ་དངར་བ་སྟོང་སྙེད་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྲགས་བྱིན་གྲོང་ཁྱེར་མཆོད་རྟེན་ལ། །རྟེན་པའི་ཚེ་ན་དེ་བཞིན་གཤེགས་པ་ནོར་བུ་གསལ། །གྲོང་ཁྱེར་དག་ཏུ་གཤེགས་ཀར་མེ་ཏོག་གཏོར་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མེ་ཏོག་བྱིན་པ་ནི། །ནོར་བུ་མཁན་ཚེ་དེ་བཞིན་གཤེགས་པ་པོ། །ཡོན་ཏན་འོད་ལ་ནོར་བུའི་བླ་རེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེས་བུས་བྱིན་པ་ཐགས་མཁན་ཚེ། །དེ་བཞིན་གཤེགས་པ་ཉི་མའི་སྒྲོན་དེ་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྡོ་རྗེའི་སྡེ་ནི་ཕྲེང་རྒྱུད་ཀྱི། །བུ་མོར་གྱུར་ཚེ་བདེ་གཤེགས་འབྱོར་ལྡན་འོད་ཟེར་ལ། །མེ་ཏོག་མྱ་ངན་འཚང་དག་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཕལ་ཆེན་བྱིན་ནི་གར་མཁན་ཚེ། །དེ་བཞིན་གཤེགས་པ་སྟོན་པར་དགྱེས་དེ་ལ། །ཚིགས་སུ་བཅད་པ་གཅིག་གིས་བསྟོད་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཞི་བའི་བློ་གྲོས་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་ལེགས་པར་དོན་སེམས་ལ། །བར་ཤི་མེ་ཏོག་དྲི་ལྡན་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤོས་གླང་གདུགས་མཁན་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་དེ་ལ། །གྲོ་བ་དག་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྲེད་མེད་བུ་ནི་ཁྱིམ་བདག་ཚེ། །འབྲོག་དགོན་དག་ཏུ་དགེ་སློང་དགེ་འདུན་བཏུང་ཆུ་ཕུལ། །དེ་བཞིན་གཤེགས་པ་སེང་གེའི་རྒྱལ་མཚན་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དེས་པ་དམན་ལས་བྱེད་བུའི་ཚེ། །བསླབ་པའི་གཞི་ལྔ་དག་ལས་གཟུང་བ་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་མཉམ་པར་གནས་པ་དེ་ལ་ནི།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14453#UT22084-045-001-14453