Degé Kangyur volume 45, F.130.a

འབྱོར་ལྡན་ཡབ། །​དེ་ཡི་ཡུམ་ནི་བཟང་ལྡན་མ་ཞེས་བྱ། །​དབྱངས་སྙན་སྲས་པོ་གསལ་བ་རིམ་གྲོ་པ། །​ཆོས་དཔལ་འོད་ཅེས་བྱ་བ་མཁས་པ་སྟེ། །​དོན་སྨྲ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་རྫུ་འཕྲུལ་སྟོབས་ཅན་དག །​དགྲ་བཅོམ་སྟོང་ཕྲག་དྲུག་ཅུ་རྩ་གསུམ་ཡོད། །​གཉིས་པར་དྲུག་ཅུ་རྩ་གཉིས་ཐམ་པར་ཡོད། །​འདུས་པ་གསུམ་པར་དྲུག་ཅུ་རྩ་ཡང་གཅིག །​དེ་ཚེ་ལོ་ནི་སྟོང་ཕྲག་དགུ་བཅུ་དྲུག །​དེ་སྲིད་དུས་སུ་དམ་པའི་ཆོས་ནི་ལོ། །​བྱེ་ཕྲག་གཉིས་གནས་སྟོན་པ་མྱ་ངན་འདས། །​སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་བྱུང་ངོ་། །​དེ་བཞིན་གཤེགས་པ་བདུད་རྩི་འཆང་བ་ཡི། །​སྐྱེ་བའི་ཡུལ་ནི་བཟང་དང་ལྡན་ཞེས་བྱ། །​དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བཅུ་དྲུག་ཡབ་ནི་ཚངས་བཟངས་ཡིན། །​མེ་ཏོག་ཅན་ཞེས་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་ཟླས་བྱིན་རྒྱལ་དབང་རིམ་གྲོ་པ། །​ཡེ་ཤེས་འོད་གསལ་ཞེས་བྱ་མཁས་པ་སྟེ། །​འོད་པོ་ཆེ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་དགྲ་བཅོམ་ཐེར་འབུམ་དགུ། །​གཉིས་པར་བརྒྱད་ཡོད་གསུམ་པ་དག་ཏུའང་བརྒྱད། །​དེ་ཚེ་སངས་རྒྱས་མཆོག་མའི་སྐུ་ཚེའི་ཚད། །​ལོ་གྲངས་སྟོང་ཕྲག་བདུན་ཅུ་རྩ་དྲུག་ཡིན། །​བདེ་གཤེགས་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །​དམ་པའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །​མཆོད་རྟེན་བྱེ་བ་སྟོང་ཕྲག་དགུ་བཅུ་དགུ། །​རིན་པོ་ཆེ་ཡི་གདུགས་ཀྱིས་བརྒྱན་པར་འགྱུར། །​དེ་བཞིན་གཤེགས་པ་མི་ཡི་ཟླ་བ་ཡི། །​སྐྱེ་བའི་ཡུལ་ནི་དགའ་བ་སྩོགས་ཞེས་བྱ། །​དེའི་རིགས་བྲམ་ཟེ་འོད་ནི་དཔག་ཚད་གཅིག །​བདེ་བར་གཤེགས་པའི་ཡབ་ནི་བཟང་པོ་ཡིན། །​སྤྲིན་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་ལེགས་མཐོང་ལྷུན་པོ་རིམ་གྲོ་པ། །​རིན་ཆེན་མཆོག་མ་ཤེས་རབ་གཏམ་ལྡན་ཏེ། །འཛམ་བུའི་ཆུ་བོ་ཞེས་བྱ་རྫུ་འཕྲུལ་ཅན། །​དགྲ་བཅོམ་བྱེ་བ་སྟོང་ཕྲག་བཅུ་ཡོད་དེ། །​གཉིས་པར་བརྒྱད་ཡོད་གསུམ་པར་དགྲ་བཅོམ་པ། །​དེ་དག་བྱེ་བརྒྱ་ལྔ་བཅུ་རྩ་ལྔ་ཡོད། །​སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱ་དྲུག་ཅུ། །​བདེ་བར་གཤེགས་པ་མྱ་ངན་འདས་ནས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14113#UT22084-045-001-14113