Degé Kangyur volume 45, F.126.a

ནམས་བློ་གྲོས་ཞེས་བྱ་སྐྱེད་པའི་ཡུམ། །​དེའི་སྲས་སྐྱེ་དབང་མཆོག་མ་རིམ་གྲོ་པ། །​ལྷ་དགའ་ཞེས་ནི་བྱ་བ་ཤེས་རབ་ཅན། །​རྫུ་འཕྲུལ་ཅན་གྱི་མཆོག་མ་ལེགས་བཟངས་ཡིན། །​འདུས་པ་དང་པོར་ཉན་ཐོས་ཐེར་འབུམ་ཕྲག །​ཁྲི་ཕྲག་དགུ་བཅུ་རྩ་དགུ་འབྱུང་བར་འགྱུར། །​དེ་ཡི་ཕྱིན་ཆད་ཉན་ཐོས་ཚོགས་མཐའ་ཡས། །​སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །​འདྲེན་པ་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་བྱེ་བ་གསུམ་དུ་གནས། །​མི་ཡི་འདྲེན་པའི་མཆོད་རྟེན་གཅིག་འབྱུང་ལ། །​གདུགས་ནི་བརྒྱ་ཕྲག་ཉི་ཤུ་གཉིས་ཀྱིས་ཁྱབ། །​དེ་བཞིན་གཤེགས་པ་སེང་གེའི་ཏོག་དག་གི། །​སྐྱེ་བའི་ཡུལ་ནི་དགའ་བའི་རྒྱུད་ཅེས་བྱ། །​དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་རི་དགས་འཛིན། །​དེ་ཡི་ཡུམ་ནི་པད་མ་དཀར་ཞེས་བྱ། །​མཛེས་པ་ཞེས་བྱ་དེ་ཡི་སྲས་པོ་ཡིན། །​གཟི་བརྗིད་འོད་འཕྲོ་ཞེས་བྱ་རིམ་གྲོ་པ། །​མྱ་ངན་མེད་པའི་རི་བོ་ཤེས་རབ་ཅན། །​དགེ་བའི་དཔལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་ཉན་ཐོས་དྲུག་སྟོང་ཡོད། །​གཉིས་པར་ལྔ་སྟོང་གསུམ་པར་བཞི་སྟོང་ཡོད། །​ཚེ་ཚད་ལོ་གྲངས་སྟོང་ཕྲག་བདུན་ཅུ་གཅིག །​མྱ་ངན་འདས་ནས་དེ་ཡི་དམ་ཆོས་དག །​ལོ་གྲངས་བྱེ་བ་ཕྱེད་དང་གཉིས་སུ་གནས། །​རྒྱལ་བ་དེ་ཡི་སྐུ་གདུང་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་བཅུ་གཉིས། །​མི་ཡི་བདག་པོ་དུས་མཁྱེན་རྒྱལ་པོ་ཡི། །​སྐྱེ་བའི་ཡུལ་ནི་མཐོང་ན་དགའ་ཞེས་བྱ། །​དེ་བཞིན་གཤེགས་རིགས་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དྲུག་ཡོད་ཡབ་ནི་ལྷས་བྱིན་ཡིན། །​དེ་ཡི་ཡུམ་ནི་མ་སྨད་པ་ཞེས་བྱ། །​སྲས་པོ་སྤྲིན་ཡིན་དཔལ་ནི་རིམ་གྲོ་པ། །​འབར་བ་ཞེས་བྱ་མཁས་པའི་མཆོག་མ་སྟེ། །​བསམ་གཏན་སྟོབས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་དགྲ་བཅོམ་ཟག་ཟད་པ། །​ཉོན་མོངས་མེད་པ་བྱེ་བ་ཉི་ཤུ་གཉིས། །​གཉིས་པར་ཉི་ཤུ་གསུམ་ཡོད་གསུམ་པར་ཡང་། །​གཉིས་ཡོད་མི་རྣམས་ཚེ་ཚད་ལོ་ལྔ་བརྒྱ། །​འཁོར་བ་འཇིག་མཛད་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་ཉིས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14105#UT22084-045-001-14105