Degé Kangyur volume 45, F.125.b

སྟོང་ཕྲག་ཉི་ཤུ་གཅིག །​མྱ་ངན་འདས་ནས་དམ་ཆོས་ལོ་ལྔར་བསྒྱུར། །​རྐང་གཉིས་མཆོག་མ་མྱ་ངན་འདས་པ་ཡི། །​མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་བཅུ་དྲུག །​གསུང་རབ་དག་ནི་འདི་འདྲར་འགྱུར་བ་སྟེ། །​སྐྱེ་བོ་སུ་ཡང་ངན་འགྲོར་འགྲོ་མི་འགྱུར། །​དེ་བཞིན་གཤེགས་པ་འོད་ལྡན་ཉི་ཟླ་ཡི། །​སྐྱེ་བའི་ཡུལ་ནི་འབྱོར་པའི་སྒྲ་ཞེས་བྱ། །​དེ་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བཅྭ་བརྒྱད་ཡབ་ནི་ཟླ་བ་ཡིན། །​ཏོག་གི་འོད་ཅེས་བྱ་བ་དེ་ཡུམ་ཡིན། །​སྲས་པོ་ལེགས་སེམས་ཚོགས་ཅན་རིམ་གྲོ་པ། །​སྲིད་མཐར་བྱེད་ཅེས་བྱ་བ་ཤེས་རབ་ཅན། །​མེ་ཏོག་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་དགྲ་བཅོམ་ཚོགས་བྱེ་བ། །​གཉིས་པར་བྱེ་ལྔ་གསུམ་པར་བྱེ་བ་བཅུ། །​སྐུ་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་དྲུག །​འདྲེན་པ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བྱེ་བ་ཕྲག་གཉིས་བར་དུ་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །​ཕྱོགས་རྣམས་མཆོད་རྟེན་འབུམ་ཕྲག་དགུ་བཅུ་དགུ། །​མཆོད་རྟེན་རེ་རེར་གདུགས་ནི་སྟོང་སྟོང་ཡོད། །​རྒྱལ་བ་ཉི་མའི་འོད་ཅེས་བྱ་བ་ཡི། །​སྐྱེ་བའི་ཡུལ་ནི་འོད་ཟེར་བཅུ་ཞེས་བྱ། །​དེ་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བརྒྱད་ཅུ་རྩ་བརྒྱད་སྐྱེ་དབང་ཡབ། །​དེའི་ཡུམ་གསེར་མདོག་ཅེས་ནི་བྱ་བ་ཡིན། །​མཆོད་པ་སྲས་ཡིན་ལྷུན་པོ་རིམ་གྲོ་པ། །​བསོད་ནམས་འབྱུང་གནས་ཞེས་བྱ་ཤེས་རབ་ཅན། །​བཟང་པོ་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་དགྲ་བཅོམ་དགེ་སློང་ཚོགས། །​ཁྲི་ཕྲག་བདུན་ཅུ་རྩ་དྲུག་གཉིས་པར་ཡང་། །​ཁྲི་ཕྲག་བརྒྱད་ཅུ་གསུམ་པར་ཁྲི་དགུ་བཅུ། །​སྐུ་ཚེ་ལོ་གྲངས་སྟོང་ཕྲག་དགུ་བཅུ་གཉིས། །​རྐང་གཉིས་མཆོག་མ་མྱ་ངན་འདས་ནས་ཀྱང་། །​དམ་པའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །​མཆོད་རྟེན་གཅིག་ཏུ་ཟད་ལ་གདུགས་ཀྱི་གྲངས། །​སྟོང་ཕྲག་བརྒྱད་ཅུས་དཔག་ཚད་བཞིར་ཡང་ཁྱབ། །​མི་ཡི་འདྲེན་པ་སྐར་མཁན་ཞེས་བྱ་བའི། །​སྐྱེ་ཡུལ་དེ་ཚེ་དགའ་བས་ལྟ་ཞེས་བྱ། །​དེ་བཞིན་གཤེགས་རིགས་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་དགུ་ཡོད་ཡབ་ནི་ལེགས་པའི་ལྷ། །​བསོད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14104#UT22084-045-001-14104