Degé Kangyur volume 45, F.125.a

བཞིན་གཤེགས་པའི་རིགས་ནི་རྒྱལ་རིགས་འོད། །​དཔག་ཚད་བརྒྱད་ཡོད་ཡབ་ནི་མུ་སྟེགས་བཟང་། །​གཟུགས་བཟང་ཡུམ་ཡིན་སྲས་ནི་དྲང་སྲོང་ཡིན། །​ཆོས་འཛིན་དབྱངས་བཟངས་རིམ་གྲོ་པ་ཡང་ཡིན། །​རིན་ཆེན་དགའ་ཞེས་བྱ་བ་ཤེས་རབ་ཅན། །​བརྟན་པས་བྱིན་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་དྲི་གསུམ་བྲལ་བའི་ཚོགས། །​བྱེ་བ་སུམ་ཅུ་རྩ་དྲུག་གཉིས་པར་ཡང་། །​སུམ་ཅུ་རྩ་ལྔ་གསུམ་པར་སུམ་ཅུ་བཞི། །​སྐུ་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་བདུན། །​སྐྱེས་མཆོག་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་བྱེ་དྲུག་ཅུ་གཉིས་སུ་གནས། །​མྱ་ངན་འདས་པའི་མཆོད་རྟེན་གཅིག་འབྱུང་ལ། །​རྒྱལ་མཚན་བྱེ་བ་བརྒྱ་ཡིས་བརྒྱན་པར་འགྱུར། །​དེ་བཞིན་གཤེགས་པ་རུ་རིངས་སྐྱེ་བ་ཡི། །​ཡུལ་ནི་དཔལ་ལྡན་གསལ་བ་ཞེས་ཀྱང་བྱ། །​དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་སུམ་ཅུ་རྩ་གཉིས་འབྱོར་ལྡན་ཡབ། །​ཡོན་ཏན་མཐའ་ཡས་ཡུམ་ཡིན་སྲས་པོ་ནི། །​བྱང་ཆུབ་དགའ་ཡིན་དཔལ་ཅན་རིམ་གྲོ་པ། །​སོ་རིངས་ཞེས་ནི་བྱ་བ་ཤེས་རབ་ཅན། །​སྣ་མའི་མེ་ཏོག་འོད་ནི་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་ཉན་ཐོས་བསམ་གཏན་པ། །​སྟོང་ཕྲག་བཞི་བཅུ་རྩ་དྲུག་གཉིས་པར་ཡང་། །​སུམ་ཁྲི་ལྔ་སྟོང་གསུམ་པར་དྲུག་ཁྲི་ཡོད། །​དེ་ཚེ་མི་ཚེ་ལོ་གྲངས་བརྒྱད་ཁྲི་ཡིན། །​རྐང་གཉིས་མཆོག་མ་མྱ་ངན་འདས་ནས་ཀྱང་། །​དམ་པའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །​དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་བརྒྱ་ཕྲག་སུམ་ཅུ་ལྔ། །​གང་ཟག་མཚུངས་མེད་ཡོན་ཏན་གྲགས་པ་ཡི། །​སྐྱེ་བའི་ཡུལ་ནི་རིན་ཆེན་སྒྲོན་ཞེས་བྱ། །​འདྲེན་པའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཡབ་ནི་ལེགས་པའི་ལྷ། །​ཤིན་ཏུ་མཛེས་ཞེས་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་རིན་ཆེན་དྲང་སྲོང་རིམ་གྲོ་པ། །​སྤོབས་དགའ་ཞེས་བྱ་ཤེས་རབ་ཅན་གྱི་མཆོག །​ཡེ་ཤེས་དབང་ཕྱུག་རྫུ་འཕྲུལ་ཅན་གྱི་མཆོག །​འདུས་པ་དང་པོར་བྱེ་བ་བརྒྱ་ཕྲག་དྲུག །​གཉིས་པར་བདུན་ཡོད་གསུམ་པར་བྱེ་བ་བརྒྱད། །​སྐུ་ཚེ་ལོ་གྲངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14103#UT22084-045-001-14103