Degé Kangyur volume 45, F.123.b

གསེར་མཆོག་གཟི་བརྗིད་ལྡན་པ་ཤེས་རབ་ཅན། །​དགེ་སློང་སྤྲིན་འོད་རྫུ་འཕྲུལ་ལྡན་པ་ཡིན། །​འདུས་པ་དང་པོར་ཉན་ཐོས་ཟག་མེད་རྣམས། །​བྱེ་བ་ཕྲག་ནི་བཅྭ་བརྒྱད་སྙེད་ཅིག་འབྱུང་། །​གཉིས་པར་དེ་སྙེད་གསུམ་པར་བྱེ་བ་ཕྲག །​ཉི་ཤུ་ཚེ་ལོ་སྟོང་ཕྲག་བཅུ་གཉིས་ཡིན། །འདྲེན་པ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་ལྔ་ཁྲིའི་བར་དུ་གནས་པར་འགྱུར། །​དེ་ཡི་སྐུ་གདུང་རྒྱས་འགྱུར་མཆོད་རྟེན་ཡང་། །​བྱེ་བ་བརྒྱ་ཕྲག་བདུན་ཅུ་རྩ་བཞི་འབྱུང་། །​དེ་བཞིན་གཤེགས་པ་རྣམ་པར་རོལ་ལྡན་གྱི། །​སྐྱེ་བའི་ཡུལ་ནི་ལྷ་ཡིས་མཆོད་ཅེས་བྱ། །​རིགས་ནི་རྒྱལ་རིགས་འོད་ཀྱི་དྲ་བ་དག །​དཔག་ཚད་བཅུ་བཞི་དེ་ཡབ་ལེགས་བཟངས་ཡིན། །​དེ་ཡི་ཡུམ་ནི་ཡིད་འཕྲོག་མ་ཞེས་བྱ། །​སྙན་པའི་བླ་མ་སྲས་ཡིན་རིམ་གྲོ་མཆོག །​སྤྱོད་ལམ་ལྡན་ཞེས་བྱ་བ་ཤེས་རབ་ཅན། །​ནོར་བུའི་ཟླ་བ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་དགེ་སློང་བསམ་གཏན་པ། །​ཚོགས་པ་ལྔ་ཁྲི་འདུས་པ་གཉིས་པར་ཡང་། །​དྲུག་ཁྲི་གསུམ་པར་དྲུག་ཁྲི་ལྔ་སྟོང་ཡོད། །​མི་རྣམས་དག་གི་ཚེ་ལོ་ཉིས་སྟོང་ཡིན། །​དེ་བཞིན་གཤེགས་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སྟོང་ཕྲག་བཅུ་གཅིག་ཚང་བར་གནས། །​མྱ་ངན་འདས་པའི་མཆོད་རྟེན་གཅིག་ཡིན་ལ། །​དཔག་ཚད་གསུམ་པའི་གདུགས་སྟོང་དག་གིས་ཁྱབ། །​དེ་བཞིན་གཤེགས་པ་མུན་དང་བྲལ་བ་ཡི། །​སྐྱེ་བའི་ཡུལ་ནི་པད་མས་བརྒྱན་ཅེས་བྱ། །​རིགས་ནི་རྒྱལ་རིགས་འོད་ནི་དཔག་ཚད་བཅུ། །​བསོད་ནམས་དགའ་ཡབ་ཡུམ་ནི་ཡོན་ཏན་འོད། །​སྲས་ནི་ཟླ་བས་བྱིན་ཞེས་བྱ་བ་ཡིན། །​རིམ་གྲོ་པ་ནི་དེས་པ་ཞེས་ཀྱང་བྱ། །​ཟླ་བ་དགའ་ཞེས་བྱ་བ་ཤེས་རབ་ཅན། །​རིན་ཆེན་རྒྱལ་མཚན་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་ཉན་ཐོས་ཚོགས་པ་དག །​བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གཉིས་པར། །ཉི་ཤུ་གཅིག་ཡོད་གསུམ་པར་ཉི་ཤུ་ཡོད། །​སྐུ་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་ལྔ། །​ཡོངས་སུ་མྱ་ངན་འདས་ནས་ཆོས་ཚུལ་དག །​ལོ་གྲངས་སྟོང་ཕྲག་ལྔ་བཅུ་ཚང་བར་གནས། །​དེ་ཡི་སྐུ་གདུང་རྣམས་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་བཅུ་བཞི། །​རྒྱལ་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14100#UT22084-045-001-14100