Degé Kangyur volume 45, F.123.a

འདྲར་འགྱུར། །​མི་ཡི་མཆོག་མ་སྤོབས་པ་བརྩེགས་པ་ཡི། །​སྐྱེ་ཡུལ་གྲོང་ཁྱེར་རྡུལ་བྲལ་ཅན་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཆེན་པོ་འོད་ཀྱི་ཚད། །​དཔག་ཚད་དྲུག་ཅུ་རྩ་གཉིས་དད་དཔལ་ཡབ། །​དགའ་མགུ་ཞེས་བྱ་ཡུམ་ཡིན་འབྱུང་མེད་སྲས། །​གློག་དང་ལྡན་ཞེས་བྱ་བ་རིམ་གྲོ་པ། །​ཟླ་འོད་ཕ་རོལ་ཕྱིན་དེ་མཁས་པ་སྟེ། །​གོ་ཆ་སྲ་བརྟན་ཞེས་བྱ་རྫུ་འཕྲུལ་ཅན། །​དྲང་སྲོང་ཚོགས་པ་འདུས་པ་དང་པོ་ལ། །​བྱེ་ཁྲི་བརྒྱད་ཅུ་གཉིས་ཡོད་གཉིས་པར་ཡང་། །​བྱེ་ཁྲི་བརྒྱད་ཅུ་གཅིག་ཡོད་གསུམ་པར་ནི། །​བྱེ་ཁྲི་བརྒྱད་ཅུ་སྐུ་ཚེ་ལོ་དགུ་སྟོང་། །​དམ་ཆོས་ལོ་གྲངས་བྱེ་བ་ཕྲག་གཉིས་གནས། །​དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །​གང་ཚེ་རྨི་ལམ་ན་ཡང་དྲན་བྱེད་གང་། །​དེ་དག་ཐམས་ཅད་ཏིང་འཛིན་འདི་ཐོབ་འགྱུར།​། །​།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་གཅིག་པ། མི་ཡི་སྐྱེས་མཆོག་རྡོ་རྗེ་རྒྱལ་མཚན་གྱི། །​སྐྱེ་བའི་ཡུལ་ནི་གསེར་དང་ལྡན་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དག་ཀྱང་། །​སྐུ་ལས་དཔག་ཚད་དགུ་འབྱུང་ཟླ་ཉི་ཡབ། །​ཡུམ་ནི་ཟླ་བཟངས་སྲས་པོ་མཐོང་དགའ་ཡིན། །​ནོར་བུའི་འོད་ཟེར་ཞེས་བྱ་རིམ་གྲོ་པ། །​མཐུ་ཆེན་འགྲོ་བའི་ང་རོ་ཤེས་རབ་ཅན། །​སེམས་གནས་ཆོས་འཛིན་རྫུ་འཕྲུལ་ལྡན་པ་ཡིན། །​དེ་ཡི་འདུས་པ་དང་པོར་དགྲ་བཅོམ་པ། །​ཁྲི་ཕྲག་སྟོང་པོ་བརྒྱ་ཕྲག་སུམ་ཅུ་དྲུག །​གཉིས་པར་སུམ་ཅུ་བཞི་ཡོད་གསུམ་པར་ཡང་། །​སུམ་ཅུ་གསུམ་ཡོད་རྒྱལ་བའི་ཚེ་ལོ་ཁྲི། །​མི་ཡི་མཆོག་མའི་དམ་པའི་ཆོས་རྣམས་ཀྱང་། །​ལོ་གྲངས་སུམ་སྟོང་ཆིག་བརྒྱའི་བར་དུ་གནས། །​འདྲེན་པ་ཡི་ནི་མཆོད་རྟེན་གཅིག་འབྱུང་ལ། །​འོད་ཀྱིས་དཔག་ཚད་བཅུ་གསུམ་ཁྱབ་པར་འགྱུར། །​འཇིག་རྟེན་རྣམ་པར་འདྲེན་པ་ཕན་བཞེད་པའི། །​སྐྱེ་བའི་ཡུལ་ནི་མཐོང་ན་དགའ་ཞེས་བྱ། །​དེ་བཞིན་གཤེགས་པའི་རིགས་ནི་བྲམ་ཟེ་ཡིན། །​འོད་ནི་དཔག་ཚད་གཉིས་ཡོད་ལག་བཟངས་ཡབ། །​ཨུད་པལ་པད་མིག་ཡུམ་ཡིན་སྲས་པོ་ནི། །​གཙུག་ན་རིན་ཆེན་གྲགས་ལྡན་རིམ་གྲོ་པ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14099#UT22084-045-001-14099