Degé Kangyur volume 45, F.120.b

བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བཀྲ་ཤིས་སྐྱེ་བའི་ཡུལ་ནི་དགའ་འདུལ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བདུན་ཅུའོ། །​ཡབ་ནི་སེམས་ཀྱི་རྒྱལ་པོ་ཞེས་བྱའོ། །​ཡུམ་ནི་མེ་ཏོག་འོད་ཅེས་བྱའོ། །​སྲས་ནི་མཐའ་ཡས་ལག་ཅེས་བྱའོ། །​རིམ་གྲོ་པ་ནི་བཤེས་གཉེན་རྒྱལ་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཀྱི་འབྱུང་གནས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་རྒྱལ་བའི་བཤེས་གཉེན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་ལྔའོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་བརྒྱད་དོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བདེན་པའི་ཏོག་སྐྱེ་བའི་ཡུལ་ནི་དགའ་བ་སྒྲོགས་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་གཅིག་གོ། །​ཡབ་ནི་བསོད་ནམས་སྟེགས་ཞེས་བྱའོ། །​ཡུམ་ནི་བཟང་ལྡན་མ་ཞེས་བྱའོ། །​སྲས་ནི་སྙན་པར་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་བཤེས་གཉེན་མཆོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་བ་བཟང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སཱ་ལའི་མིག་ཅེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བརྒྱད་དོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་བདུན་ནོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །​དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བརྒྱད་ཀྱི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་པད་མ་སྐྱེ་བའི་ཡུལ་ནི་མེ་ཏོག་རྒྱས་པའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅུ་གཉིས་སོ། །​ཡབ་ནི་ནོར་སྦྱིན་ཞེས་བྱའོ། །​ཡུམ་ནི་དགའ་བ་ཅན་ཞེས་བྱའོ། །​སྲས་ནི་བསོད་ནམས་འོད་ཅེས་བྱའོ། །​རིམ་གྲོ་པ་ནི་ཐུབ་དགའ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་འོད་ཅེས་བྱའོ། །​རྫུ་འཕྲུལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14094#UT22084-045-001-14094