Degé Kangyur volume 45, F.108.b

མེད་བྱིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རི་བརྩེགས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་གསུམ་མོ། །​གཉིས་པ་ལ་ནི་ཐེར་འབུམ་ཕྲག་གཉིས་སོ། །​གསུམ་པ་ལ་ནི་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྨན་པ་སྐྱེ་བའི་ཡུལ་ནི་བརྟུལ་ཞུགས་གྲུབ་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བདུན་ཅུ་རྩ་བདུན་ནོ། །​ཡབ་ནི་འདུན་པ་ཞེས་བྱའོ། །​ཡུམ་ནི་འཛམ་བུའི་མཆོག་ཅེས་བྱའོ། །སྲས་ནི་དཔས་བྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་ཟླ་དགའ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱ་མཚོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གླང་པོའི་སྟོབས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་ས་ཡ་ཕྲག་གཉིས་དང་འབུམ་ཕྲག་གསུམ་མོ། །​གཉིས་པ་ལ་ནི་ས་ཡ་ཕྲག་གཉིས་དང་འབུམ་ཕྲག་ལྔའོ། །​གསུམ་པ་ལ་ནི་ས་ཡ་ཕྲག་གཉིས་དང་འབུམ་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་ས་ཡ་ཕྲག་གཉིས་དང་འབུམ་ཕྲག་ལྔའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་དེས་པ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ལེགས་འབྱོར་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བཅུའོ། །​ཡབ་ནི་དབྱིག་མཆོག་ཅེས་བྱའོ། །​ཡུམ་ནི་ཟླ་འོད་ཅེས་བྱའོ། །​སྲས་ནི་ཆོས་ཀྱི་དབང་ཕྱུག་ཅེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་དགའ་བ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་བྱིན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གསུམ་མོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་བརྒྱད་དོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་མཛོད་སྤུ་སྐྱེ་བའི་ཡུལ་ནི་གྲོང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14070#UT22084-045-001-14070