Degé Kangyur volume 45, F.102.a

མཐོང་། །​གང་ཞིག་མི་ཤེས་བསྐལ་པ་བྱེ་བར་ནི། །​སྡིག་པའི་ལས་བྱས་ལས་འབྲས་རྣམ་སྨིན་ཀུན། །​དེས་ནི་ཟད་བྱས་རྒྱལ་བ་དེ་དག་གི། །​མཚན་རྣམས་བཟུང་ནས་ཀྱང་ནི་རྒྱལ་བར་འགྱུར། །​མདོ་སྡེ་ཁྲི་ཕྲག་དུ་མར་འཇུག་པ་དང་། །​ཏིང་འཛིན་རྫུ་འཕྲུལ་སོ་སོར་ཡང་དག་རིག །​སྒྲ་སྐད་དུ་མ་རྟོགས་དང་ཡེ་ཤེས་དག །​ཏིང་ངེ་འཛིན་འདི་ལས་ནི་བཙལ་བར་བྱ། །​འཚོ་བ་དག་པ་གཡོ་ནི་མེད་པ་དང་། །​རྣམ་སྨིན་ཤེས་དང་ཕྲག་དོག་མེད་པ་དང་། །​བསྡུ་བ་དང་ནི་གཟུངས་ལ་བརྩོན་པ་ཡིས། །​ཏིང་འཛིན་འདི་ནི་རབ་ཏུ་ཤེས་པར་བྱ། །​དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་ནི་ལེགས་ལགས་ཏེ། ལྷ་དང་མི་རྣམས་དང་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བར་གྱུར་པ་དེ་དང་། མ་འོངས་པ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་ན་ཡང་ཕྱིར་ཞིང་། འདུན་པར་འགྱུར་བ་དང་། དམ་པའི་ཆོས་ལ་ཆེས་ཁྱད་པར་དུ་འཕགས་པར་སྨོན་པར་འགྱུར་བ་དང་། ཕྱིར་ཞིང་སྣང་བར་བགྱིས་པར་འགྱུར་བའི་སླད་དུ། བསྐལ་པ་བཟང་པོའི་སངས་རྒྱས་དེ་དག་གི་ཡུལ་དང་། རིགས་དང་། འོད་དང་། ཡབ་དང་། ཡུམ་དང་། སྲས་དང་། རིམ་གྲོ་པ་དང་། མཆོག་གི་ཟུང་དང་། བཟང་པོའི་ཟུང་དང་། དགེ་སློང་གི་དགེ་འདུན་ཕུན་སུམ་ཚོགས་པ་དང་། སྐུ་ཚེའི་ཚད་དང་། དམ་པའི་ཆོས་གནས་པ་དང་། སྐུ་གདུང་འཕེལ་བར་འགྱུར་བ་དག་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །​དེ་བཞིན་གཤེགས་པ་འཁོར་བ་འཇིག་སྐྱེས་པའི་ཡུལ་ནི་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་བཟང་པོ་ཞེས་བྱའོ། །​གདུང་ནི་ཀཱ་ཤྱ་པའོ། །​འོད་ནི་དཔག་ཚད་གཅིག་གོ། །​ཡབ་ནི་མཆོད་སྦྱིན་ཞེས་བྱའོ། །​སྐྱེད་པའི་ཡུམ་ནི་ཚངས་རྒྱལ་ཞེས་བྱའོ། །​སྲས་ནི་བླ་མ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14057#UT22084-045-001-14057