Degé Kangyur volume 45, F.309.a
།དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་ཏོག་ནི་རྒྱལ་རིགས་གཞོན་ནུའི་ཚེ། །དེ་བཞིན་གཤེགས་པ་དབྱིག་ལ་དགྱེས་པ་དེ་ལ་ནི། །རིན་པོ་ཆེ་ཡི་ཕྲེང་བ་དག་ནི་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་འབྱུང་གནས་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་བཀོད་པ་མཛེས་དེ་ལ། །པད་མའི་རྫིང་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་བྱིན་པ་གནས་རྟེན་ཚེ། །བདེ་གཤེགས་ཡོན་ཏན་དཔལ་གྱི་སྙིང་པོ་ཡི། །འཆག་སར་འཇི་བའི་གོང་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་སྙིང་པོ་དྲང་སྲོང་ཚེ། །དེ་བཞིན་གཤེགས་པ་གཟིགས་པ་གསལ་དེ་ལ། །རྒྱང་མ་ནས་ནི་ཐལ་སྦྱར་ཕྱག་བྱས་ཏེ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་གྲགས་པ་ཤིང་རྟོག་ཚེ། །དེ་བཞིན་གཤེགས་པ་མདངས་སྟོབས་དེ་ལ་ནི། །ཨ་ཏི་མུག་ཏའི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་པ་རྨད་བྱུང་རྫ་མཁན་གྱི། །བུ་ཚེ་བདེ་གཤེགས་རྣམ་དག་སྤྱན་དེ་ལ། །ཆུ་ཡི་སྦྱིན་པ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་ཚུགས་དམངས་རིགས་ཁྱེའུ་ཡི་ཚེ། །དེ་བཞིན་གཤེགས་པ་ཡེ་ཤེས་བརྟུལ་ཞུགས་ལ། །བ་རུ་ར་ཡི་འབྲས་བུ་གཅིག་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསྙེངས་མེད་རྒྱལ་ཆེན་རྣམ་ཐོས་བུ་ཡི་ཚེ། །དེ་བཞིན་གཤེགས་པ་ཞབས་དག་བརྟན་པ་དེ་ལ་ནི། །ལྷ་རྫས་དག་གི་ཙན་དན་དག་གིས་གཏོར་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་མའི་འོད་ནི་རྒྱལ་པོ་ཡི། །མདུན་འདོན་བྱེད་ཚེ་བདེ་གཤེགས་འཕགས་སྤྱན་དེ། །ཞག་བདུན་བར་དུ་གདུགས་ཚོད་གསོལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚངས་རབ་གཤེགས་པ་མཉན་པའི་ཚེ། །དེ་བཞིན་གཤེགས་པ་ཐར་པ་དགྱེས་དེ་ལ། །ཆུ་བོའི་འགྲམ་དག་བསྟན་ཅིང་མཚོན་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14471#UT22084-045-001-14471