Degé Kangyur volume 45, F.300.b
།དེ་བཞིན་གཤེགས་པ་མཉམ་པར་གནས་པ་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་ཚུགས་ནད་པ་མགོན་མེད་བོར་བའི་ཚེ། །དེ་བཞིན་གཤེགས་པ་མཐུ་རྩལ་ཆེན་པོ་དེ་ཡི་ལམ། །ལག་མཐིལ་ཙམ་ཞིག་ཕྱག་དར་ལེགས་པར་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཉི་ཟླ་གཽ་ཏམ་ཚེ། །དེ་བཞིན་གཤེགས་པ་མཁས་མཆོག་པད་སྤྱན་ལ། །དབྱར་གནས་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གློག་ཏོག་རྒྱ་མཚོའི་ཚོང་པའི་ཚེ། །ཁྲུ་བརྒྱད་ཀྱིས་བསྐོར་སྤུག་ལས་བྱས་པའི་གདུགས་ཕུལ་ནས། །དེ་བཞིན་གཤེགས་པ་ཉི་མའི་འོད་ཟེར་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོད་པ་ལས་བྱེད་ཚེ། །དེ་བཞིན་གཤེགས་པ་གསལ་བ་མཐའ་ཡས་ལ། །ལས་བཏང་བྱས་པས་རྙེད་པ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དཔལ་སྦས་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་གཟུགས་དེ་ལ། །ཨ་མྲ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་ཉི་མ་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་གདུགས་དེ་ལ། །ལྷུང་བཟེད་དང་ནི་གུན་དྷེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་གྲུབ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་ལ། །སྤོས་ཀྱི་རེང་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྷུན་བརྩེགས་ཁྲལ་མིའི་ཚེ། །བདེ་གཤེགས་ཡུལ་འཁོར་ཁ་ལོ་སྒྱུར་དེ་ལ། །ལྷགས་པའི་དུས་སུ་ཤིང་ཁུར་གཅིག་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགྲ་འདུལ་ཡ་ང་བའི། །དཔྱད་མཁན་ཚེ་ན་བདེ་གཤེགས་ལེགས་མཐོང་དག །འབྲོག་དགོན་བཞུགས་ཚེ་ལྷང་ཚེར་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་པད་མ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་བཤེས་གཉེན་བཞེད་དེ་ལ། །པད་མ་དག་ནི་དབུལ་བ་བྱས་ནས་ཀྱང་།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14454#UT22084-045-001-14454