Degé Kangyur volume 101, F.71.b
།མཚན་རྣམས་འདི་དག་འཛིན་བྱེད་པ། །ལྷ་དང་དྲི་ཟ་ཀླུ་དབང་དང་། །མཁའ་ལྡིང་ལྷ་མིན་གསང་བ་པ། །རྟག་ཏུ་དེ་ལ་སྲུང་བར་བྱེད། །གཟུགས་དང་མཚན་ནི་ཕུན་སུམ་ཚོགས། །ནོར་ཆེན་ཁྱིམ་དུ་སྐྱེ་བར་འགྱུར། །སེམས་ཅན་ཀུན་ལ་སྦྱིན་པར་བྱེད། །དཔའ་ཞིང་གཏོང་ཕོད་སེར་སྣ་མེད། །བསྐལ་པ་བྱེ་བ་བརྒྱ་མང་པོར། །ལྷ་ཡི་ཙནྡན་དམར་པོ་དང་། །ཤིན་ཏུ་དྲི་ཞིམ་སྤོས་ཀུན་གྱི། །སྤོས་ངད་དེ་ཡི་ཁ་ནས་འབྱུང་། །མཚན་རྣམས་འདི་དག་འཛིན་བྱེད་པ། །བསྐལ་པ་བྱེ་བར་སྒྲ་སྐད་ནི། །ཚངས་པའི་དབྱངས་དང་ལྡན་པར་འགྱུར། །རྟག་ཏུ་ཆོས་རྒྱལ་ཚུལ་དང་ལྡན། །མཚན་རྣམས་འདི་དག་འཛིན་བྱེད་པ། །རིན་ཆེན་སྣ་བདུན་པདྨའི་འདབ། །བྱེ་བ་སྟོང་ཕྲག་མང་ཡོད་ལས། །འབྱོར་ཆེན་དེ་སྐྱེ་ལྷ་གཟུགས་ལྡན། །མཚན་རྣམས་འདི་དག་སུ་འཛིན་པ། །དེ་ནི་ཕ་མ་སྤུན་སྡུག་དང་། །སྐྱེ་བོ་དག་གི་ཚོགས་རྣམས་དང་། །འབྲལ་བར་འགྱུར་བ་མི་མཐོང་ངོ་། །དྲང་སྲོང་ཆེན་པོ་རྣམས་ཀྱི་མཚན། །བུད་མེད་ཀྱིས་ནི་གཟུང་བྱས་ན། །བུད་མེད་ལུས་ལ་མ་ཆགས་ནས། །སྐྱེས་པ་བློ་གྲོས་ལྡན་པར་འགྱུར། །མི་ཡི་ལུས་ནི་ཐོབ་གྱུར་ནས། །བླ་མེད་བྱང་ཆུབ་ཐོབ་འགྱུར་ཏེ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །འདོད་པ་ཞི་བཞིན་མྱ་ངན་འདའ། །མཚན་རྣམས་འདི་དག་སུ་འཛིན་པ། །དེ་ཡི་ལུས་ལ་མཚོན་དང་ནི། །དུག་དང་མེ་དང་རྒྱལ་པོ་དང་། །གཡོན་ཅན་རྣམས་ཀྱིས་མི་ཚུགས་སོ། །མཚན་རྣམས་འདི་དག་སུ་འཛིན་པ། །དེ་ཡི་སེམས་ལ་ནམས་ཀྱང་ནི། །དཔུང་དང་བཞོན་པར་བཅས་པ་ཡི། །བདུད་ཀྱིས་གླགས་རྙེད་མི་འགྱུར་རོ། །འདི་དག་གི་ནི་མཚན་གྱི་རྣམས། །མི་གང་འཛིན་པར་བྱེད་པ་དེ། །ཞིང་ནི་བྱེ་བ་བསམ་ཡས་པར། །ནམ་མཁའ་ལས་ནི་འགྲོ་བར་འགྱུར། །སངས་རྒྱས་བསྟན་པ་རྣམས་མཆོད་ནས། །འཇིགས་པ་མེད་པར་ཞུ་བ་ཞུ། །དེ་དག་དེ་ཡི་བསམ་མཁྱེན་ནས། །རྒྱལ་བ་དེ་དག་ལུང་སྟོན་འགྱུར། །སངས་རྒྱས་མགོན་པོ་དེ་དག་ལས། །ལུང་བསྟན་པ་ནི་ཐོབ་གྱུར་ནས། །དེ་ནི་ཤིན་ཏུ་ཡི་རངས་ཏེ། །རྒྱལ་བའི་བསྟན་ལ་ཐེ་ཚོམ་མེད།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh853.html?part=UT22084-068-007-161#UT22084-068-007-161