Degé Kangyur volume 101, F.38.b

དེ་དག་ནམ་མཁའ་ལྟ་བུར་ནི། །​མ་ལུས་ཁྱབ་བྱས་ཕྱོགས་རྣམས་ཀུན་ན་གནས། །​མཐུ་བརྟན་གང་དག་ནམ་མཁའ་ལྟ་བུར་ནི། །​མ་ལུས་ཁྱབ་བྱས་ཕྱོགས་རྣམས་ཀུན་གནས་པ། །​མཚུངས་མེད་དེ་དག་སྤྱོད་ཡུལ་ལྷར་བཅས་ཀྱི། །​འཇིག་རྟེན་རྣམས་ཀྱིས་ཤེས་པར་ཡོང་མི་ནུས། །​མཚུངས་མེད་གང་དག་སྤྱོད་ཡུལ་ལྷར་བཅས་ཀྱི། །​འཇིག་རྟེན་རྣམས་ཀྱིས་ཤེས་པར་མི་ནུས་པ། །​དེ་དག་རྟུན་པ་ཀུན་དང་མཐོང་བ་དང་། །​མིང་ཐོས་པ་དང་སྤོབས་པ་དོན་ཡོད་དོ། །​གང་དག་རྟུན་པ་ཀུན་དང་མཐོང་བ་དང་། །མིང་ཐོས་པ་དང་སྤོབས་པ་དོན་ཡོད་པ། །​སྐྱེས་ཆེན་དེ་དག་སྦྱིན་པ་སྦྱིན་བྱེད་ཀྱི། །​སྦྱིན་པ་ཐམས་ཅད་དོན་ཡོད་འགྱུར་བ་ཡིན། །​སྐྱེས་བུ་དམ་པ་དེ་དག་རྣམས་ཀྱི་མཐུས། །​ཆོས་ཀྱང་གནས་ཤིང་བྱམས་པ་ཉམས་མི་འགྱུར། །​དགེ་བའི་ལས་རྣམས་རབ་ཏུ་སྤྱོད་འགྱུར་ཏེ། །​དཀོན་མཆོག་མཐུ་ཡང་དམ་པ་མཆོག་ཏུ་འགྱུར། །​རྡོ་རྗེ་མཁྲེགས་པའི་རིན་ཆེན་མཆོག་ཡོད་པ། །​དེ་ཡི་མཐུ་ཡིས་རྒྱ་མཚོར་རིན་ཆེན་རྣམས། །​མི་ཟད་མི་འགྲིབ་འཕེལ་བར་མི་འགྱུར་ཏེ། །​དེ་བཞིན་ཡོན་ཏན་མཐའ་ཡས་ཡོན་ཏན་ཆུ། །གང་ན་སངས་རྒྱས་མེད་པའི་ཞིང་གྱུར་པ། །​དེ་ནི་བྱང་ཆུབ་རྣམ་པར་སངས་རྒྱས་སྟོན། །​ཕྱོགས་རྣམས་གང་ན་ཆོས་ཀྱང་མེད་གྱུར་པ། །​ཕྱོགས་དེར་ཆོས་ཀྱི་གཏེར་ནི་སྟོན་པར་བྱེད། །​དེ་དག་རྟོག་མེད་རྣམ་པར་མི་རྟོག་ཅིང་། །​དེ་དག་ལྷུན་གྱིས་གྲུབ་པར་ཕྱོགས་ཀུན་དུ། །​ཟླ་བ་ལྟ་བུར་སྣང་བར་རབ་སྟོན་ཅིང་། །​ཐབས་སྟོང་དག་གིས་སེམས་ཅན་འདུལ་བར་བྱེད། །​དེ་དག་སྐད་ཅིག་རེ་ལ་ཕྱོགས་བཅུ་ཡི། །​འཇིག་རྟེན་ཀུན་དུ་བྱང་ཆུབ་སངས་རྒྱས་སྟོན། །​འཁོར་ལོ་བསྐོར་དང་མྱ་ངན་འདས་ཞི་དང་། །རིང་བསྲེལ་རབ་ཏུ་རྒྱས་པའང་དཔའ་བོ་སྟོན། །​མཁས་པ་དེ་དག་ཉན་ཐོས་རང་རྒྱལ་ས། །​སངས་རྒྱས་བཀོད་པ་རྣམ་འཕྲུལ་མཐའ་ཡས་པ། །​བསྐལ་པ་བསམ་མི་ཁྱབ་པར་སྟོན་བྱེད་ཅིང་། །​ཐེག་གསུམ་སྒོ་ནས་སེམས་ཅན་འདུལ་བར་བྱེད། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh847.html?part=UT22084-057-004-2704#UT22084-057-004-2704